གསར་སྤེལ་ཟིན་བྲིས།

གཟའ་ཕུར་བུ།, 16 /07/ 2015 17:03

ཨ་མ་དྲན་ཐེངས་རེ་ལ།

ཟིན་བྲིས་པ། 
ཀློག་པ་པོས་རྩོམ་ཡིག་ལེགས་འདེམས་བྱེད་གནས།
(0 འོས་གྲངས།)
ཨ་མ་དྲན་ཐེངས་རེ་ལ།

ཨ་མ་དྲན་ཐེངས་རེ་ལ་ཀ་རྩོམ་འབྲི་ཐེངས་རེ་རེ།།
ཧ་ཅང་སྙན་ཆ་མེད་ཀྱང་སེམས་ཀྱི་ན་ཟུག་ཡིན་ནོ།། 
ས་ཐག་རིང་པོ་ཞིག་ན་མི་བུ་འཁྱམ་པོ་ཞིག་ཡོད།།
ཤ་ཞེན་ཆེ་བའི་མ་རྒན་མ་ཐུག་ལོ་ངོ་ཉི་ཤུ།།
ལ་ལུང་རི་ཆུས་བཅད་པ་ལས་ཀྱི་བཀོད་ཐང་ཨེ་ཡིན།།
ར་རོ་མི་འདོད་ཚོར་བ་སེམས་ཀྱི་ཁུར་བོ་ཨེ་ཡིན།།
ཡ་གི་རྩ་གསུམ་ལྷ་ལ་གསོལ་མ་བཏབ་མེད་དེ།།
འ་ཅག་ཐུག་འཕྲད་བྱུང་བ་ནམ་མཁའི་མེ་ཏོག་མིན་ནམ།།
ཟ་ཟི་འཇིག་རྟེན་འདི་ནས་རང་རང་ལམ་ཁར་གཤར་བ།།
ཞ་རའི་རྡོག་ལམ་བཙལ་བ་ཚེ་སྲོག་དེ་ཡི་དོན་ནོ།།
ཝ་མོ་ཁུང་བའི་ནང་ན་སེམས་ལ་སྡུག་ཅིག་ཁུར་ཡོད།།
ཛ་དྲག་གདོང་ལེན་བྱེད་ལ་ལམ་ཡིག་ཞིག་གིས་བཀག་ཡོད།།
ཚ་བའི་ཡུལ་གྲུ་ཉུལ་ནས་སྐྲ་ལོ་དཀར་པོ་ཆགས་སོང་།།
ཙ་ག་ཙི་གེ་བཙལ་ནས་མི་ལོ་ཉི་ཤུ་འགོར་སོང་།།
མ་ལྟོག་མ་གྲང་ཙམ་གྱིས་མི་ཚེ་ཡོངས་སུ་ཟད་ན།།
བ་གླང་རྫི་བོ་ངེད་གཉིས་སྤུན་མཆེད་ཆེ་ཆུང་ཡིན་ནོ།།
ཕ་རོལ་ས་ཐག་རིང་བོར་འགྲོ་དོན་དམིགས་ཡུལ་སྟོར་བ།།
པ་ཕ་ཉེ་འབྲེལ་མདུན་ནས་ཡང་ཡང་འགྱོད་ཕྱག་འབུལ་ལོ།།
ན་ཆུང་སྣང་བ་རྒོད་དུས་བསམ་བསམ་འགྲུབ་ཀི་བསམ་མོད།།
ད་ལྟ་བསམ་བློ་འཁོར་བ་རྨི་ལམ་བདེན་པར་བཟུང་འདུག།།
ཐ་དག་ནོར་འདུག་ལབ་ན་སེམས་པ་སྐྱོ་བའི་རྒྱུ་རེད།།
ཏ་ལའི་བླ་མར་འཇལ་བ་སེམས་ཀྱི་དྲོད་ཐིགས་དེ་རེད།།
ཉ་སྟོང་དུས་མཆོད་མེད་ཀྱང་སེམས་ན་དམ་པའི་ཆོས་ཡོད།།
ཇ་ཁའི་ནབས་བཟའ་བཞག་ཀྱང་ཡིད་ལ་ལས་འབྲས་བཟུང་ཡོད།།
ཆ་འཇོག་སུ་ལ་བྱས་ཀྱང་འགྱོད་མེད་པའི་ཁུལ་ཡིན།།
ཅ་དག་ལོ་རྒྱུས་ཟེར་ན་ཚིག་གི་འདང་གི་མེད་དོ།།
ང་ནི་གླེན་པ་ཡིན་པས་དགེ་བཤེས་མཁན་པོ་མ་ལོན།།
ག་ལེར་བསམ་བློ་བཏང་ན་ང་ཡི་རེ་བ་དེ་མིན།།
ཁ་ཆུང་དབང་ཆུང་ཞིག་གིས་འགྲོ་དོན་འཇོན་ས་མ་རེད།།
ཀ་ཁ་སུམ་ཅུ་ཤེས་ན་དེ་ལས་ལྷག་ཅིག་མི་དགོས།།

༼༡༦/༧/༢༠༡༥༽
ཀློགས་གྲངས། 2244 .. མཐའ་མའི་བཟོ་བཅོས། གཟའ་པ་སངས།, 17 /07/ 2015 16:50
གནམ་བུ།



མཛེས་མ
ཨ་རག་
རྩེ་མོ་་་གསུམ་
ང་ཡི་དགའ་ས་ཡིན།
ངོ་དེབ་
སྐད་ཕྲིན
ཀ་རྩོམ་་་་གསུམ་
ང་ཡི་སྐྱོ་གྲོགས་ཡིན།

དྲ་རྒྱ། www.changsa.net
སྡེ་ཚན་ནང་དུ་ད་དུང་ཡོད། « ཉིན་ཐོ་སྔ་གཞུག ཨ་རག༼༩༽ »
ནང་འཛུལ་བྱས་ཏེ་ཀློག་མཆན་སྤེལ།