གསར་སྤེལ་ཟིན་བྲིས།

གཟའ་ཕུར་བུ།, 13 /08/ 2015 21:53

རྨ་ཆུར་སྤྲིངས་པའི་སེམས་པ།

ཟིན་བྲིས་པ། 
ཀློག་པ་པོས་རྩོམ་ཡིག་ལེགས་འདེམས་བྱེད་གནས།
(0 འོས་གྲངས།)


                       

གཟར་བོ་བྲག་འཕྲང་ཚལ་བར་གཏུབས་ཤིང་ས་ཆེན་གཤེགས་ཏེ་དུས་ཀྱི་སྒལ་བར་སྟོབས་ཀྱིས་བཞུར་ཞིང་གང་ཞིག་བསྙེག།
དགུན་གྱི་འཁྱགས་རོམ་དྲག་པོས་མ་ཁོག་དབྱར་ཁའི་སྤང་ཐང་མཛེས་པོ་དག་ལ་མ་ཐོགས་ཁྱེད་ཉིད་གང་དུ་བྲེལ།།
ཉིན་མཚན་དུས་དྲུག་ལྟོས་མེད་ཀུན་ཏུ་འཁྱུག་ཙམ་འདུག་པའི་གོ་སྐབས་ཕྲ་བ་ཁྱེད་ལ་སུ་ཡིས་བཀའ་ཆད་ཕོག།
ཞེན་ཆགས་ཕྱིར་མིག་ཅི་ཡང་མ་མཆིས་མདུན་དུ་བསྐྱོད་པའི་ཆུ་བོ་ཆེན་མོ་བདག་ལ་རེ་ཞིག་གསན་རོགས་ཀྱེ།།

བྱིས་དུས་ཁྱོད་ཀྱི་བཞུར་རྒྱུན་ལྟ་བུའི་རྨི་ལམ་མཚར་པོ་རྟོག་པའི་ཁམས་སུ་རུམ་ཏེ་ཐོད་ཀྱིས་ལམ་ལ་ཆས།།
གཞོན་དུས་ཁྱོད་ཀྱི་གྱ་གྱུའི་ཁུགས་སོ་དཔར་ལ་བརྒྱབ་པའི་མི་ཚེའི་སྣང་བརྙན་དག་གི་སྐྱ་ཐིག་ལྷང་ངེར་སྣང་།།
མ་ངེས་ས་མཐའི་ཡུལ་ལུང་ཞིག་ཏུ་ལས་སམ་ལྟས་དབང་ནུས་མཐུ་ཅན་པོས་བགྲང་བྱ་དུ་མར་འདི་ལྟར་བསྐྲད།།
ད་ཀོ་བདག་གིས་ལྗོངས་ནས་ལྗོངས་སུ་ཁད་ཀྱིས་འགྲིམ་པའི་གྲོགས་མཆོག་ཁྱེད་ལ་གཏམ་འདི་འདྲི།།

རྒྱ་ནག་ལྕགས་རི་རིང་བོ་བཞིན་དུ་ཤེལ་གྱི་ལྷུན་པོ་སྟོང་གིས་བསྐོར་བའི་ཁ་བའི་ཡུལ་ལྗོངས་བདེ་ལགས་སམ།།
ནགས་ཚལ་སྟུག་པོའི་ཡལ་འདབ་རེ་རེ་སྒེག་ལྡན་བུ་མོའི་ལྕང་ལོ་བཞིན་དུ་གཡོ་ཙམ་བྱེད་ཀྱིན་ཨེ་འདུག་ལགས།།
རྩ་ཐང་སྟེང་གི་མེ་ཏོག་སྣ་བརྒྱ་ལྕུག་ལྕུག་གཡོ་ཞིང་སྤང་ལྗོངས་ཁ་ན་གཡབ་མོ་བྱེད་བཞིན་འདུག་གམ་ཅི།།
ད་ཀོ་བདག་གིས་ལྗོངས་ནས་ལྗོངས་སུ་ཁད་ཀྱིས་འགྲིམ་པའི་གྲོགས་མཆོག་ཁྱེད་ལ་གཏམ་འདི་འདྲི།།

ཉི་མ་དམར་པོ་བཞུད་ཟིན་ཤུལ་དུ་ཕོ་བྲང་དམར་པོའི་ཟིལ་ཤུགས་མ་ཉམས་རང་མདངས་ལྷམ་མེར་ཨེ་འདུག་ལགས།།
ཟླ་བ་དཀར་པོ་སྤྲིན་པས་བསྒྲིབས་ཟིན་མཆོད་རྟེན་དཀར་པོའི་བཞིན་རས་མ་འགྱུར་རེ་སྒུག་ཁྲོད་ན་གནས་སམ་ཅི།།
ཁྲུང་ཁྲུང་ཁྱུ་ཞིག་ལྷོ་རུ་འཕུར་ཕྱིན་ཁྲི་ཤོར་རྒྱལ་མོར་དྲན་གདུང་མེད་པར་ལྟེམས་སེ་འཁྱིལ་ནས་ཡོད་དམ་ཅི།།
ད་ཀོ་བདག་གིས་ལྗོངས་ནས་ལྗོངས་སུ་ཁད་ཀྱིས་འགྲིམ་པའི་གྲོགས་མཆོག་ཁྱེད་ལ་སྐད་འདི་འདྲི།།
་་་་་་་་་་་་་་་་་་་་
་་་་་་་་་
ཀློགས་གྲངས། 2295 ..
ནང་འཛུལ་བྱས་ཏེ་ཀློག་མཆན་སྤེལ།