གསར་སྤེལ་ཟིན་བྲིས།

གཟའ་ལྷག་པ།, 30 /12/ 2015 17:54

བརྩེ་དུང་གི་འགྲེལ་བཙལ་བ།

ཟིན་བྲིས་པ། 
ཀློག་པ་པོས་རྩོམ་ཡིག་ལེགས་འདེམས་བྱེད་གནས།
(0 འོས་གྲངས།)
alt
བརྩེ་དུང་གི་འགྲེལ་བཙལ་བ།

                           -----མགལ་དུམ།

མིང་དང་ཚིག་གིས་བསྣོལ་མཚམས་ཇི་ལྟར་སྦྲེལ་ཡང་།།
ཁྱེད་ལ་དགའ་བའི་བརྡ་དེ་འགྲེལ་ཐབས་མི་འདུག།
སྙིང་དང་གློ་རུ་ཟུག་པའི་ཁྱེད་ཀྱི་ཡོད་ཚད།།
ཡ་ཆུང་སེམས་པུའི་གཏིང་ནས་ཡལ་ཐབས་མི་གདའ།།

མཚན་མོའི་རྨི་ལམ་སུ་དང་གང་ཞེས་མ་གླེང་།།
ཁྱེད་རང་ཡིན་ཡིན་འདྲ་པའི་སྣང་བས་བཟི་ཡོད།།
ཉིན་མོའི་འགྲོ་འདུག་ཅི་དང་ཇི་ཞེས་མ་འདྲི།།
ཉི་མ་རི་བོས་འགམ་པའི་ལེའུ་ལ་བྲིས་ཡོད།།

འདྲ་པར་སྙིང་ལ་གླན་པའི་རྣམ་པ་དོད་པོ།།
གློ་བ་ཁྱེད་ལ་སྤྲད་པའི་འགྲེལ་དུ་རློམ་མམ།།
དྲན་པ་རྒྱང་ལ་སྤུར་པའི་སྣ་གླུ་ཟ་ཟི།།
ཞེ་རྩ་ཉིད་ལ་མདུད་པའི་དོན་དུ་འགྲིག་གམ། །

ཚོར་བའི་རྨུ་ཐག་ཚེ་ཡི་གུད་དུ་བཞག་ཅིང་།།
ཚེ་ཡི་ཨ་ལོང་ཚིག་གིས་དམ་དུ་མནན་ཏེ།།
ཕུགས་སུ་བདེ་བ་བསྙལ་པའི་རུ་མར་རློམ་པ།།
སྨོན་པ་ཚེ་ལ་དཀྲོལ་པའི་དབྱངས་རྟ་ཡིན་ནམ།།

གཅམ་བུའི་ཚུགས་ཀ་ཟོལ་མའི་དུར་དུ་སྦས་ཤིང་།།
བརྩེ་བའི་ཞག་ཐག་འཚོ་བའི་སྔས་སུ་བསྡམས་ཏེ།།
རྒན་དར་གཞོན་གཞོན་གང་དེའི་སྣང་བ་དེ་ཀོ།།
མཉམ་ཁུར་མཉམ་སྤྱོད་གནང་བའི་བློ་ཐག་ཆོད་དམ།།

མིག་གིས་ཁྱེད་ལ་བལྟས་པའི་སྒྲུང་ཞིག་བརྩམས་པ།།
སེམས་ཀྱི་སོས་སུ་རོལ་པའི་བཅུད་ཅིག་ཡོད་དམ།།
གློ་བ་དཀར་དཀར་ཡིན་པའི་གཏམ་ཞིག་གློད་པ།།
ནམ་ཞིག་འཇའ་འོད་འཚེར་བའི་སྟ་གོན་ཡིན་ནམ།།

དཔྲལ་པའི་གསེང་དུ་ཁྱེད་ཀྱི་མིང་ཡིག་བཀོད་པ།།
སྙིང་གིས་གཅེས་གཅེས་བྱ་བའི་བརྡ་ཞིག་ཉན་ནམ།།
ཚེ་ཡི་སྐྱབས་སུ་བློ་ཡིས་ཡང་ཡང་བསྐུལ་པ།།
འདི་ཕྱི་གང་ལ་ཐུགས་ཀྱིས་བསླུ་བ་མཆིས་སམ།།

ཚོད་ལ་དབུགས་རིང་ལེབ་མོ་ལེབ་མོ་བརྔུབས་པ།།
སྙིང་གིས་མྱི་ཞིག་དྲན་པའི་རྟགས་སུ་འཕྲོད་དམ།།
ཕྱི་ཐག་རྡོ་ལ་བརྐོས་པའི་ཉམས་ཤིག་བསྟན་པ།།
མི་ཚེ་གཡས་སུ་འཁོར་བའི་ལམ་ཞིག་འབྱུང་ངམ།།

༢༠༡༥-༤-༣༠ཉིན།
ཀློགས་གྲངས། 995 ..
མགལ་དུམ།

བོད་ཀྱི་མེ་ཕུང་།

དྲ་རྒྱ། ཨ་མའི་སེམས་ཀྱི་མར་ལོ།
ནང་འཛུལ་བྱས་ཏེ་ཀློག་མཆན་སྤེལ།