གསར་སྤེལ་ཟིན་བྲིས།

གཟའ་པ་སངས།, 24 /02/ 2017 17:07

འདབ་ལོ་སེར་པོ།

ཟིན་བྲིས་པ། 
ཀློག་པ་པོས་རྩོམ་ཡིག་ལེགས་འདེམས་བྱེད་གནས།
(0 འོས་གྲངས།)
ཕལ་ཆེར་སྤྱི་ཟླ་ལྔ་བའི་དབྱར་གནང་སླེབས་ལ་ཉེ་བའི་དུས་སྐབས་ཤིག་ལ་བསོད་ནམས་དང་ཁོང་གི་སློབ་གྲོགས་འགའ་དང་ལྷན་ཅིག་ཏུ་བྷ་ན་རཱ་སི་མེ་འཁོར་ལས་ཐད་ཀར་རྒྱལ་ས་ལྡི་ལི་བར་དུ་འགྲོ་རྒྱུའི་གྲོས་ཁ་བྱུང་། ཁོང་ཚོས་ལམ་ཁར་རྩེད་མཚར་དང་དགོད་གཏམ་གླེང་བཞིན་གླ་གཏོང་རླངས་འཁོར་ཞིག་གིས་སྔོ་ཞིང་ལྗང་བའི་སྤང་ཐང་ཡངས་པོའི་བྲང་གཞུང་ཁད་ཀྱིས་གཤེགས་ཏེ་རྒྱལ་ས་ལྡི་ལིའི་གྲོང་ཁྱེར་ལ་ཚེགས་མེད་ངང་ནས་སླེབས། སྐབས་དེར་བསོད་ནམས་ཀྱིས་མི་ཚེ་ནི་ཇི་འདྲའི་སྤྲོ་སྣང་ལྡན་པ་ཞིག་རེད་ཨང་སྙམ། ཁོང་ཚོ་ནི་ལོ་ཚོད་མཉམ་པའི་ན་ཟླ་འབའ་ཞིག་ཡིན་པས་མགོ་ན་གནམ་ལས་ཅི་ཡང་མེད་པར་བསམ་མྱོང་ཞིང་གང་ལ་འགྲོ་བ་དང་ཅི་ཞིག་བྱེད་པ་སོགས་བསམ་བློའི་འཁྱེར་སོ་ཀུན་ནས་ཁ་མཐུན་པ་ནི་དེ་བས་ཀྱང་བདེ་སྐྱིད་ཅིག་ཏུ་ཅིས་མ་ལགས།  མེ་འཁོར་འབབ་ཚུགས་སུ་ངོ་གདོང་མང་པོ་སྣུམ་གྱི་ལེར་ལམ་འགྲམ་དུ་འཚང་ཁ་ཤུག་ཤུག་ཏུ་སྣང་། དྲི་ངལ་དང་བཅས་པའི་འདུ་འཛིའི་ཁྲོད་ཀྱི་མི་ཚོགས་ནི་གཙང་བོ་ཞིག་བཞུར་བ་དང་གཉིས་སུ་མ་མཆིས།
མ་ཆིག་ཌི་ལའི་ཁྲོམ་ར་ནི་འགག་འཕྲེང་དོག་མོ་ཞིག་དང་འདྲ་བས་ལམ་ཁར་འགྲོ་བར་སྟབས་བདེ་བོ་ཞིག་གཏན་ནས་མིན། ཕྱི་རོལ་དུ་ཚ་གདུག་རབ་ཏུ་འབར་བས་ཁོང་ཚོས་གྲང་རླུང་ལྡན་པའི་ཇ་ཁང་ཞིག་ཏུ་འཚིག་ཇ་རེ་རེ་མངགས་ཏེ་ལྷོད་ལ་ཆགས་པའི་ནུབ་ཕྱོགས་ཀྱི་གླུ་དབྱངས་(Blowin' in air ) ཞེས་པ་དེར་ཉན་བཞིན་བག་ཡངས་སུ་བསྡད། ཕྱི་དྲོ་ཁྲོམ་རར་འཆམ་འཆམ་དུ་འཁྱུག་ཙམ་སོང་བའི་དུས་སུ། ངོ་གདོང་དཀར་ལ་སྐྱེ་གཟུགས་དྲང་བ། རྟིང་མཐོའི་རྐང་ལྷམ་དམར་པོ་གྱོན་ཞིང་ལག་གཡས་ཀྱི་ཕྲག་པར་ཁུག་མ་དམར་པོ་ཞིག་ལྷོད་ཀྱིས་བཏགས་པ། སྐྲ་ལོ་དམར་པོ་གདོང་གི་ཕྱེད་ཙམ་བཀབ་པའི་བུད་མེད་ཅིག་སྒེག་ཉམས་དང་བཅས་ཏེ་ཁོང་ཚོའི་ལམ་ཁར་བརྒྱུད་ནས་ཆས། ཐ་ན་ཁོ་མོའི་རྣ་ཆ་དང་མཛུབ་དཀྲིས་སོགས་ཀྱང་ཁ་དོག་དམར་པོ་ཤ་སྟག་རེད་འདུག ལམ་འགྲམ་གྱི་མི་རྣམས་ལ་རིག་བྱེད་གཏམ་རྒྱུད་ཁྲོད་ཀྱི་འདོད་པའི་མདའ་ལྔ་ཕོག་དང་ཀུན་ནས་འདྲ་སྟེ་ཁོ་མོར་ཟུར་མིག་མདའ་མོ་འཕེན་ཞིང་ཅེར་ལྟ་བྱས།  བསོད་ནམས་ཀྱིས་ཅི་མི་སྙམ་པར་ཕྱིར་བལྟས་ཤིག་བྱས་ཏེ་" ངས་མཐོང་མྱོང་འདྲ་ཞིག་འདུག ཁོ་མོ་སུ་རེད། ?" ཞེས་ཟུར་གྱི་གྲོགས་པོ་རབ་བརྟན་ལ་སོམ་ཉི་དང་བཅས་ཏེ་དྲིས། "རེད་རེད། སྔོན་ཆད་ཀྱི་ང་ཚོའི་སློབ་གྲྭའི་སློབ་མ་ཚེ་སྒྲོལ་ཞེས་པ་རེད། འོན་ཀྱང་་་"ཞེས་རབ་བརྟན་གྱིས་ཚིག་སྔ་མ་ཕུད་བར་དབུགས་རིང་ཞིག་བཏང་བའི་སྐབས་སུ།  "ཨ་ཨ།! མོ་དེ་འདྲ་འགྱུར་འདུག ཕྱིའི་རྣམ་པ་སྨད་འཚོང་མ་ཞིག་དང་ཨ་ན་མ་ན་རེད། དོན་གྱིས་ག་རེ་བྱས་རེད་" ཅེས་བསོད་ནམས་ཀྱིས་ཧ་ཅང་ཤེས་འདོད་ཆེན་པོས་དྲིས།  " མོ་སྨད་འཚོང་མ་རེད།  དེ་སྔོན་ང་ཐེངས་ཤིག་འདིར་ཡོང་དུས་ང་འདུག་སའི་མགྲོན་ཁང་གི་ཕྱི་རོལ་ན་ཐ་མག་ཅིག་རྔུབ་བཞིན་འདུག དེའི་རྗེས་སུ་གོམ་པ་འཁྱར་འཁྱོར་ངང་ནས་སྲང་ལམ་དུ་ཆས་སོང་། བལྟས་ཚོད་དུ་ཅུང་བཟི་ཨེ་ཡོད་སྙམ་" ཞེས་་ཁོའི་འགྲམ་ནས་འདྲེ་མགོ་རྡོ་ཡིས་དེ་ལྟར་ལན་བཏབ།
ཁོང་ཚོས་བརྗོད་བྱ་དེ་ལས་འདའ་མ་ཐུབ་པར་མགྲོན་ཁང་ནས་ཀྱང་དེའི་སྐོར་ནས་ལབ་གླེང་མང་པོ་བྱས། རབ་བརྟན་གྱིས་ཤེལ་ཕོར་ནང་གི་ཆང་དམར་བསྐོར་བཞིན་" དེང་སང་འདི་ཀར་སྨད་འཚོང་མ་ཚེ་སྒྲོལ་དང་བདེ་སྐྱིད་ཟེར་ན་སྐད་གྲགས་ཡོད་རེད་ "ཅེས་ཟེར་བཞིན་ཧུབ་གང་འཐུང་། " མོ་སློབ་གྲྭར་ཡོད་དུས་སློབ་སྦྱོང་ལ་བརྩོན་ཞིང་ལྷུན་ཆགས་པ། ཉམ་ཆུང་ལ་བག་ཕེབས་ཤིག་ཡིན། དེ་རིང་གི་སྣང་ཚུལ་འདི་མཐོང་ན་ངོ་མ་རྨི་ལམ་ཡིན་ནམ་སྙམ"་ཞེས་བསོད་ནམས་ཀྱིས་ཤུགས་རིང་ཞིག་འཐེན་ཏེ་གདོང་ལ་མི་སྐྱིད་པའི་རྣམ་འགྱུར་ཞིག་མངོན་འདུག  " སྐྱིད་པོ་ཤོད་དང་།  ཁོག་སྟོད་བཙོང་ནས་ཁོག་སྨད་གསོ་མཁན་ཞིག་རེད། གླེང་རིན་ཅི་མི་འདུག "ཅེས་ཤེལ་ཕོར་བསྲིངས་ཏེ་"ཆེ་ཨེར་"(cheer !)ཞེས་འདྲེ་མགོ་རྡོས་དེ་ལྟར་བརྗོད་ཅིང་ཞབས་བཏུང་བརྒྱབ། འོན་ཀྱང་། བསོད་ནམས་ཀྱི་བསམ་གཞིག་ཚེ་སྒྲོལ་ལས་འདའ་མ་ཐུབ་ལ་ཁོ་མོ་དེ་ལྟར་གྱུར་བའི་རྒྱུ་རྐྱེན་དག་ལ་མནོ་བསམ་མི་གཏོང་ཀ་མེད་དུ་གྱུར། ཁོང་ཚོ་ཁུ་སིམ་པོར་ཡོད་པའི་བར་སྐབས་ཤིག་ལ་" མོ་དེ་འདྲ་ཞིག་གཏན་ནས་མིན་"ཞེས་བསོད་ནམས་ཀྱིས་ཡང་བསྐྱར་ཁ་ནས་རང་དབང་མེད་པར་དེ་ལྟར་ཤོར་སོང་། ཁོང་གཉིས་ཀྱིས་མཉམ་དུ་" ད་ཆོག་གི ཆང་འཐུང་སྐྱིད་པོ་བྱོས།  གྲོང་ཁྱེར་འདི་རུ་ཚེ་སྒྲོལ་མི་ཤེས་མཁན་ཡོད་མ་རེད། སྨད་འཚོང་མ་སྐད་གྲགས་ཅན་ཞིག་རེད། སྒོར་མོ་ཡོད་ན་དོ་དགོང་ཧ་ཧ་ཧ་་་"ཅེས་གང་འདོད་དུ་བརྗོད། བསོད་ནམས་ཀྱིས་རང་ཉིད་ཀྱི་སེམས་པ་རང་ཉིད་ཀྱིས་མ་རྟོགས་ཤིང་ཁོ་རང་ཉིད་མི་སྐྱིད་པ་དང་སེམས་ནས་ཅིའི་ཕྱིར་མི་བདེ་བའི་རྒྱུ་རྐྱེན་དག་ཀྱང་གཏན་ནས་ཆ་མ་མཆིས། འོན་ཀྱང་། ཚེ་སྒྲོལ་གྱིས་སྔོན་ཆད་ཁོང་ལ་བཞག་པའི་བག་ཆག་དང་དེ་རིང་གི་སྣང་ཚུལ་གཉིས་ཀུན་ནས་མི་འདྲ་བའི་རྐྱེན་གྱིས་ཧ་ལས་སུ་བཅུག དེ་བས་ཁོ་མགྲོན་ཁོང་གི་ཕྱི་རོལ་དུ་བུད་ནས་ཡུལ་ལྗོངས་ལ་ཡར་ལྟ་མར་ལྟ་བྱེད་པའི་སྐབས་ཏག་ཏག་ཚེ་སྒྲོལ་འོག་གི་སྐེག་འཛེགས་སྟེང་དུ་ཐ་མག་རྐང་ཅིག་འཐེན་བཞིན་བསྡད་འདུག་པ་མཐོང་། ཁོ་དེ་མ་ཐག་ཁོ་མོ་སར་འགྲོ་འདོད་སྐྱེས། རྒྱུ་མཚན་རང་ཉིད་ལའང་མ་གསལ་ན་ཡང་དེ་གར་སོང་དུས་མོས་ཀྱང་ཁོང་ལ་ལྟ་བཞིན་འཛུམ་ཙམ་བྱས་ཏེ་" ཁྱེད་ཀྱི་མིང་བསོད་ནམས་རེད་པཱ། སློབ་གྲྭར་ཡོད་འགྲོ་ཡི་ཡོད་པེ་"ཞེས་ཅུང་མི་བདེ་བའི་ངང་ནས་དེ་ལྟར་བརྗོད། " རེད་རེད། ད་དུང་སློབ་གྲྭར་ཡོད། ང་ཚོས་སློབ་གྲྭར་སྐད་ཆ་བཤད་མྱོང་ཡོད་མ་རེད་མ་གཏོགས་ངས་ཁྱེད་ངོ་ཤེས་"ཞེས་བརྗོད་ཅིང་ཡང་བསྐྱར་" ཁྱེད་སློབ་གྲྭ་ནས་འབུད་དོན་ཅི་ཡིན་ནམ་"ཞེས་བསོད་ནམས་ཀྱིས་ཚམ་ཚོམ་མེད་པར་དེ་ལྟར་དྲིས།  ཁོ་མོའི་གདོང་མདོག་ཅུང་ཙམ་འགྱུར་ཞིང་མི་བདེ་བའི་རྣམ་པ་དེ་མཐོང་སྐབས་ནང་སེམས་སུ་ཇི་འདྲའི་འགྱོད་གདུང་དང་སྡུག་བསྔལ་ཅི་ཞིག་ལྷག་ཡོད་སྙམ་པའི་སྣང་བ་ཞིག་ངང་གིས་སྟེར། དེ་བས་ན་ཁོས་ལམ་སེང་" དགོངས་དག ངས་གང་འདོད་དུ་དྲིས་པ་ཙམ་ཡིན།"ཞེས་སྨྲས།
  " ཁྱེད་ལ་འདུག་ས་དང་རོགས་པ་བྱེད་དགོས་ས་ཡོད་ན་ཤོད་ཨཱ། ང་འདིར་ཡོད་པས་རོགས་བྱེད་ཆོག་ "ཅེས་ཁོ་མོས་དེ་ལྟར་བརྗོད་ཅིང་འཛུམ་ཙམ་བྱས། སྐད་ཆ་དེར་ཁོང་བློ་ཡིད་ལས་འདས། ཁོ་མོའི་ད་ལྟའི་གནས་སྟངས་ལ་གཞིགས་ན་དངོས་ཤུགས་བརྒྱུད་གསུམ་ཀུན་ནས་དཀའ་སྡུག་རབ་དང་རིམ་མང་དག་ཅིག་བརྒྱུད་ནས་ཡོང་བ་རྗེས་སུ་དཔག་ནུས་མོད་ཀྱང་། ཁོ་མོའི་ལྷན་སྐྱེས་སུ་ཡོད་པའི་ནང་སེམས་ཀྱི་མཛེས་པ་དེ་ད་དུང་ཡང་དྲི་མས་མ་གོས་བར་འདུག
" དེ་འདྲ་ཟེར་སྲོལ་ག་ནས་ཡོད། ང་སྣང་དག་མེད།" ཅེས་ལན་ཞིག་འདེབས་ཁུལ་བྱས། ཁོང་གཉིས་ལབ་གླེང་བྱེད་བཞིན་སྐབས་སུ་ཀུ་ཤུ་ཁ་པར་ཁྱེར་བའི་ཕོ་གསར་ཞིག་གིས་" ཚེ་སྒྲོལ།  སྤྲོ་སྐྱིད་མགྲོན་ཁང་གི་ཁང་མིག ༡༠༣ ..."     ཁོ་མོས་བསོད་ནམས་ཀྱི་གདོང་ལ་ལྟ་ཙམ་བྱས་ཏེ་ཅུང་མི་བདེ་བའི་ཚུལ་གྱིས་ཅི་ཡང་མ་བཤད་མོད། ཕོ་གསར་དེར་"ཡ་ཡ"་ཞེས་པའི་ལུས་ཀྱི་རྣམ་འགྱུར་གྱིས་གོ་བརྡ་ཞིག་སྤྲད་བྱུང་ལ་ཁོས་ཀྱང་ཕྱིར་བལྟས་མེད་པར་མི་ཚོགས་བྲལ་བའི་མཚན་མོའི་སྲང་ལམ་དུ་ནག་ཡོར་རེར་ཆས་སོང་། ཁོང་གཉིས་ཀྱིས་སྐད་ཆ་འདྲ་མིན་བཤད་ཅིང་དུས་ཡུན་གང་མཚམས་སོང་བས་ན་ཉེ་འགྲམ་གྱི་ཁང་བརྩེགས་མང་དག་ཅིག་གི་གློག་ཀྱང་གཟིམས་ཟིན་ལ་སྐྱ་ཐིང་ངེར་མཆིས་བའི་ལྷང་འཇགས་ཀྱི་སྲང་ལམ་འདི་ནི་དེ་རིང་གི་འདུ་འཛི་རྒོད་པའི་ཁྲོམ་ར་ཡིན་ཟེར་ན་ཡིད་རྟོན་དཀའ་བ་ཞིག་རེད། ཁོ་མོའི་ལག་ཁུག་ནང་ནས་" ཏིར་ཏིར་་་ཏིར་ཏིར" ་ཞེས་ཁ་པར་ཐེངས་འགར་སླེབས་པས་ཁོ་མོས་རྟབ་རྟབ་པོར་" ད་ང་འགྲོ་དགོས་ཡོད་"ཅེས་བརྗོད་མ་ཐག
" ངའི་མགྲོན་ཁང་དུ་བསྡད་ན་མི་འགྲིག་གམ། མཚན་གཞུང་དུ་བུད་མེད་ཅིག་ཁེར་རྐྱང་དུ་འགྲོ་མི་ཉན། དེ་དགོང་འདི་གར་སྡོད།"ཅེས་ཁོས་དེ་ལྟར་བཤད། ཁོ་མོ་བསམ་བློ་འཁྱུག་ཙམ་བཏང་རྗེས་" ཁྱེད་སྟབས་བདེ་མིན་ན་ང་སོང་ན་ཆོག ངོ་མ་བཤད་ཡིན། ང་མི་སྐྱོན་"ཞེས་ཅུང་རྫུ་བག་ངང་ནས་ལན་བཏབ།  "རྒྱ་གར་ནས་མཚན་མོར་བུད་མེད་གཅིག་བུར་འགྲོ་རྒྱུ་བདེ་འཇགས་མིན་པས་འདི་ཀར་སྡོད་"ཅེས་བརྗོད་བཞིན་ཁོང་གཉིས་མགྲོན་ཁང་ནང་དུ་སོང་། ཁོང་གི་གྲོགས་རབ་བརྟན་དང་འདྲེ་མགོ་རྡོ་གཉིས་སྔ་ས་རང་རང་གི་ཁང་མིག་ཏུ་འགྲོ་ཚར་འདུག
ཅོག་ཙེའི་སྟེང་དུ་ཐ་མག་གི་འཐེན་འཕྲོ་དང་ཨ་རག་དམ་བེ་སྟོང་པ་དག ད་དུང་ཤིང་ཏོག་ཤུན་པགས་དང་གད་སྙིགས་སྣ་ཚོགས་མཉམ་དུ་སྤུངས་འདུག  གྲུ་ཟུར་གྱི་ཤོག་སྒམ་ནང་དུ་སྦི་རག་ལྷག་མ་རེ་འགའ་ཡང་འདུག ཁོས་དེ་མ་ཉིད་དུ་གད་སྙིགས་དེ་དག་གཙང་སྦྲ་བྱས་ཤིང་ཤོག་སྒམ་ནང་གི་སྦི་རག་གཉིས་བླངས་ཏེ་" ད་ངེད་གཉིས་འཐུང་ཨཱ། "ཞེས་གཅིག་ཁོ་མོར་སྤྲད། ཁོ་མོའི་ཁུག་དམར་ནང་དུ་ཁ་པར་གྱི་སྐད་སྒྲ་གྲགས་པ་ཐེངས་གཅིག་མིན་ཡང་སྣང་མེད་དུ་བཏང་བྱུང་། དམ་བེ་གཅིག་རྫོགས་ནས་གཉིས་པའི་སྐེད་ཙམ་གྱི་རིང་ལ་སྐད་ཆ་འདྲ་མིན་བརྗོད་མོད།ད་ནི་ཁོ་མོའི་རང་ཉིད་ཀྱི་མི་ཚེའི་ལོ་རྒྱུས་སྦ་གསང་མེད་པར་བརྗོད་འགོ་ཚུགས། " ཨེ་ཨེ་་བསོད་ནམས་ཁྱོས་ཉོན་དང་།   ང་ལོ་བརྒྱད་ཀྱི་སྟེང་ནས་འདི་གར་འབྱོར་བ་ཡིན་ལ་ཕ་ཡུལ་རྒྱབ་ཏུ་བསྐྱུར་ནས་ད་ལྟ་བར་མི་ལོ་བཅོ་ལྔ་ཆས་སོང་། ང་བོད་ཁྱིམ་སློབ་གྲྭར་ནར་སོན་ནས་སློབ་སྦྱོང་ཁོ་ནར་འབད་འབུངས་བྱས་པ་ཡིན། ང་ད་དུང་དྲན་པར་བརྗེད་མི་ཐུབ་པ་ཞིག་ནི་སློབ་མ་གཞན་དག་ལ་ཕ་ཡུལ་ནས་བསྐུར་བའི་ལེགས་སྐྱེས་དང་དངུལ་ལོར་རྟག་ཏུ་ཡོད་ནའང་ངས་ཐ་ན་རང་ཉིད་ཀྱི་ཕ་མ་སུ་ཡིན་མིན་དང་གང་དུ་ཡོད་མིན་སོགས་ཀྱང་མི་ཤེས། སློབ་མ་གཞན་དག་ལ་དབྱར་གནང་དང་དགུན་གནང་སྐབས་སུ་ཡུལ་ལ་ལོག་ས་ཡོད་ཀྱང་ང་དུས་གཏན་དུ་སློབ་གྲྭ་ནས་གུང་གསེང་ལ་ཐེངས་གཅིག་འགྲོ་མྱོང་མེད། ངས་མཚམས་རེར་རང་ཉིད་མལ་ཆས་ཀྱིས་མགོ་བཏུམས་ཤིང་ཡིད་ཚིམ་པ་རེར་ངུས་མྱོང་། དེ་ལྟར་ངས་དཀའ་སྡུག་དང་མཐོང་ཆུང་གང་མང་ཞིག་བརྒྱུད་དེ་གཞི་རིམ་ནས་མཐོ་རིམ་སློབ་གྲྭར་བསྐྱོད་པ་ཡིན།"་ཞེས་བརྗོད་སྐབས་ཁོས་ཁོ་མོའི་ཆང་ཕོར་ནང་སྦི་རག་ཅུང་ཙམ་ཁ་སྣོན་བྱས་ཤིང་རྣ་བ་གླགས་ཏེ་སེམས་འགུལ་ཐེབས་པའི་ངང་ནས་ཉན། " སློབ་ཆེན་སློབ་གྲྭའི་མི་ཚེ་ནི་རང་དབང་ཆེ་དྲགས་ཤིང་ཡོད་ཚད་རང་ཉིད་ཀྱིས་ཁག་ཁུར་བྱེད་དགོས་ཞེས་ཁོ་མོས་སྡུག་སྨྲེ་དང་སྐྱོ་གར་མང་པོ་ཞིག་གོ་རིམ་མེད་པར་བརྗོད་པའི་རྗེས་སུ་ཁོ་ཡང་སྐད་ཆ་ཅི་ཞིག་བརྗོད་ཀྱིན་པ་སྣང་ལ་མ་ངེས་པར་གྱུར།
སྐབས་ཤིག་ཏུ་ཁོའི་རྣ་ལམ་དུ་"བིར་བིར་"ཞེས་བྲག་ཆ་བཞིན་གྲགས་པ་ཙམ་ལས་ཅི་ཡང་མི་གོ་ཞིང་མིག་མདངས་དམར་པོར་གྱུར་ཏེ་ཁོ་མོའི་ཕྱོགས་སུ་ཁ་གཏད་དེ་འདུག   ཞོགས་ཁ་ཁ་པར་གྱི་སྐད་སྒྲ་རྣ་ལ་གཟན་པོ་དེ་ཐེངས་འགར་གྲགས་པ་དང་ཁོ་ལམ་སེང་གཉིད་ལས་སད་དུས་ཉིན་མ་ཤར་བ་མ་ཟད་བཟི་ཡང་དྭངས་འདུག་པ་ཤེས།   ཁོས་རང་ཉིད་གཅེར་བུར་ཚེ་སྒྲོལ་ལྷན་དུ་ཉལ་ནས་བསྡད་ཡོད་པ་མཐོང་སྐབས་མདང་དགོང་གི་སྐོར་ལ་བསམ་བློ་ཅི་ཙམ་བཏང་ནའང་ཁོང་གཉིས་ཀྱིས་སྦི་རག་འཐུང་བ་དང་ཁོ་མོའི་གཏམ་རྒྱུད་བཤད་པ་སོགས་དྲན་པ་ཙམ་ལས་རྗེས་སོར་ཇི་ལྟར་ཉལ་བ་དང་ཅི་ཞིག་བྱུང་བ་སོགས་ཀྱི་སྐོར་ཨེན་ཙམ་ཡང་མ་དྲན།  ཁོ་སུ་ལའང་ལེ་འདེད་བྱེད་དགོས་མ་ཤེས་པར་རེ་ཞིག་ལྷག  ཁོ་མོ་ནི་ལམ་འགྲམ་དུ་སྟོན་རླུང་གིས་ཁུར་བའི་འདབ་ལོ་སེར་པོ་ཞིག་དང་ཨ་ན་མ་ན་ལྟ་བུར་སྣང་། ཉི་མ་ཤར་ཟིན་མོད།  ཁོ་མོ་ད་དུང་གཉིད་དུ་ཡུར་འདུག


-སྤྱི་ལོ ༢༠༡༦ ལོར་ཟླ་༡༡ པའི་ཚེས་༨ ཡིན་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་གྲགས་པའི་ཡུལ་དེ་གར་ཞེས་པའི་སྒྲུང་ཐུང་འདི་ནི་དངོས་ཡོད་རིང་ལུགས་ཀྱི་སྒྲུང་རྩོམ་འབྲི་པ་པོའི་འབྲི་ཐབས་ལ་ཆེས་ཆེར་གཞོལ་ཏེ་བྲིས་པ་ཡིན་ནོ།།
ཀློགས་གྲངས། 150 ..
སྡེ་ཚན་ནང་དུ་ད་དུང་ཡོད། « ས་སྲོད་ཀྱི་གྲིབ་གཟུགས། ལྔ་པ།
ནང་འཛུལ་བྱས་ཏེ་ཀློག་མཆན་སྤེལ།