གསར་སྤེལ་ཟིན་བྲིས།

གཟའ་པ་སངས།, 19 /06/ 2015 20:02

བྷུ་ཤིའི་གསོལ་ཀ་དཔའ་བོ་དགྱེས་པའི་ང་རོ།

ཟིན་བྲིས་པ། 
ཀློག་པ་པོས་རྩོམ་ཡིག་ལེགས་འདེམས་བྱེད་གནས།
(0 འོས་གྲངས།)
༼བྷུ་ཤིའི་གསོལ་ཀ༽མི་གསོན་པོ།
ཁྲོ་བོའི་གཟུགས་ཅན་ཁམས་གསུམ་འདུལ་བའི་དཔལ།།
ཟ་བྱེད་རྔམ་པའི་ང་རོའི་གད་རྒྱངས་ཀྱིས།།
ཤར་ནུབ་གླིང་ཀུན་འདར་བའི་ནུས་མཐུ་ཅན།།
དཔལ་ཆེན་ལྷ་མཆོག་ལྗོ་རྗི་བྷུ་ཤི་རྩལ།།
འཇིག་རྟེན་མཁའ་སྤྱོད་བདེ་ཆེན་ནུབ་ཀྱི་ཆར།།
ཞིང་མཆོག་འདོད་དགུ་ལྡན་པའི་ཨ་རི་ཡི།།
རབ་དཀར་ཤེལ་གྱི་ཕོ་བྲང་དཀར་པོ་ནས།།
དྲག་པོའི་ང་རོ་སྒྲོག་བཞིན་གཤེགས་སུ་གསོལ།།
ཆོས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང་།།
དཀར་དམར་མདངས་ལྡན་དྲག་པོའི་ཆ་བྱད་ཅན།།
ཕྱག་གཡས་རྡུལ་འཕྲན་མཚོན་གྱི་ཡོ་བྱད་བསྣམས།།
གཡོན་ན་རྩིས་འཁོར་དྲ་བའི་འཕྲུལ་ཐག་འཛིན།།
དཀར་ཕྱོགས་དབུ་འཕངས་དགུང་དུ་འདེགས་པའི་ཆེད།།
དུང་ལྟར་དཀར་བའི་དབུ་སྐྲ་གྱེན་དུ་ཟིང་།།
ནག་ཕྱོགས་བསྟན་དགྲའི་དཔུང་ཚོགས་འཇོམས་པའི་ཕྱིར།།
གཡུ་ལྟར་སྔོ་བའི་སྡང་མིག་དགྲ་ལ་བསྒྲད།།
མདའ་གྲི་མདུང་སོགས་དྲག་པོའི་ཡོ་བྱད་ཀུན།།
མ་ཚང་མེད་པའི་རྒྱན་གྱིས་ལེགས་པར་བརྒྱན།།
ཤ་ལ་དགའ་ཞིང་ཁྲག་ལ་དགྱེས་པ་ཡི།།
འཁོར་ཚོགས་དྲག་པོ་བྱེ་བའི་དཔུང་དང་བཅས།། 
མ་ཐོགས་སྐད་ཅིག་མྱུར་བའི་སྒྱུ་འཕྲུལ་གྱིས།།
འདི་བཤམས་མཆོད་པའི་གནས་འདིར་གཤེགས་སུ་གསོལ།།
དཀར་དམར་རྫས་ཀྱི་འབྱོར་བའི་ཞལ་ཟས་དང་།།
རྣམ་དག་དྭངས་བའི་ཡིད་ཀྱིས་སྤྲུལ་པ་ཡིས།།
ཇི་སྙེད་མཆོད་སྤྲིན་ཕུང་པོ་འདི་བཞེས་ལ།།
ཅི་བཅོལ་འཕྲིན་ལས་བསྒྲུབ་པའི་གྲོགས་གྱིས་ཤིག།
བསྟན་ལ་སྡང་ཞིང་འགྲོ་ལ་འཚེ་བའི་ཞིང་།།
ནག་ཕྱོགས་ཀླ་ཀློའི་དཔུང་གི་གདུག་རྩུབ་ཀྱིས།།
ཉེས་མེད་འགྲོ་རྣམས་དྲག་པོས་སྦྱོར་བ་ཡི།།
དུ་ཁ་འབུམ་གྱིས་གནར་བ་འདིར་དགོངས་ནས།།
ད་གཟོད་མཐུ་དཔུང་བསྐྱེད་པའི་དུས་ལ་བབ།།
ཁྱད་པར་གངས་ཅན་མགོན་པོའི་སྤྱན་སྔར་ནས།།
གངས་ལྗོངས་སྲུང་བའི་ཁས་བླངས་མ་ཉམས་པ།། 
གངས་ལྟར་དཀར་བའི་ལྷག་བསམ་དང་འགྲོགས་ནས།། 
གངས་ཅན་ཕན་བདེ་ལས་དོན་ད་སྒྲུབས་ཀྱེེ།།
ཀློགས་གྲངས། 1406 ..
སྡེ་ཚན་ནང་དུ་ད་དུང་ཡོད། « ཨ་རག ༦ ཀ་ར་ལྟར་ཞིམ་པའི་འོ »
ནང་འཛུལ་བྱས་ཏེ་ཀློག་མཆན་སྤེལ།