གསར་སྤེལ་ཟིན་བྲིས།

གཟའ་སྤེན་པ།, 16 /08/ 2014 01:29

དགུ་རོང་སྤུན་གྲོལ་གྱི་སྐྱག་རྫུན་ཆེན་པོ་བཞི།

ཟིན་བྲིས་པ། 
ཀློག་པ་པོས་རྩོམ་ཡིག་ལེགས་འདེམས་བྱེད་གནས།
(1 འོས།)
ཉེ་ཆར་དགུ་རོང་སྤུན་གྲོལ་ལགས་ཀྱིས་རྩོམ་ཡིག་སྔ་ཕྱི་གཉིས་སྤེལ་བ་མཐོང་། མ་གཞི་དེང་གི་དྲ་ལམ་གྱི་ཡིག་རྙོག་ནི་ཆུ་ལས་ཆུ་བུར་གྱི་ཚུལ་དང་རྟ་མོག་གི་སྤུ་ལྟར་གང་ས་གང་དུ་འཐོར་བཞིན་ཁྱབ་བཞིན་ཡོད་པས་གླེང་རིན་ཡོད་པ་དང་ལྟ་རིན་ཡོད་པ་ཧ་ཅང་ཉུང་། འོན་ཀྱང་ཁོང་གི་༼ཁྱོར་ཆུ་སྙིང་ལ་ཐིམ་པའི་ན་ཟུག༽ དང་༼ལྕགས་ལ་བཏབ་པའི་རྣོ་༽གཉིས་ལ་དོ་སྣང་ཅུང་ཙམ་བྱེད་དགོས་བྱུང་། རྒྱུ་མཚན་ནི་རྩོམ་ཡིག་དེ་གཉིས་ནི་བདེན་ལུགས་མེད་པའི་ནང་གི་བདེན་ལུགས་མེད་པ་ཆེན་པོ་དང་། སྐྱག་རྫུན་ནང་གི་སྐྱག་རྫུན་ཆེན་པོ་ལགས་པས་སྐྱག་རྫུན་དང་སྐྱག་རྫུན་ཆེན་པོས་དྲ་ངོས་ཁེངས་པའི་བསམ་མེད་ཀྱི་བྱ་སྤྱོད་དེས་གནས་ལུགས་གང་ཞིག་ལ་རྒོལ་རྡུང་དང་། མཐུན་སྒྲིལ་གང་ཞིག་ལ་གཏོར་བཤིག སྐྱེས་ཆེན་གང་ཞིག་ལ་སྐུར་འདེབས་ཀྱི་སྦྱོར་བ་བཤམས་པའི་ངང་ཚུལ་མཐོང་བཞིན་དུ་དེ་དག་འཛུམ་དམུལ་དམུལ་གྱིས་བསུ་ཐབས་བྲལ་ཞིང་ཕྱི་ནང་གཉིས་ཀྱི་གཡོ་སྒྱུས་ནན་ཞིང་བཙིར་འོང་བའི་ད་ལྟའི་ཁ་བ་ཅན་ལ་དགུ་རོང་དང་དགུ་རོང་ལྟ་བུ་ནི་སྡུག་གི་སྒང་ན་ཟུག་དང་། མུ་གེའི་སྒང་ལ་ཟླ་ལྷག་ལྟར་གྱུར་འདུག མ་གཞི་དགུ་རོང་གིས་བོད་མི་རིགས་ཀྱི་ཁ་རྗེ་དབང་ཐང་གི་ཐ་སྙད་སྤྱད་ནས་གླེང་གིན་ཡོད་ཀྱང་། བདེན་བའི་གནས་ལུགས་དང་། རྒྱབ་རྟེན་གྱི་རྒྱུ་མཚན། ཁྲིམས་དང་ཐོབ་ཐང་གང་ལ་ཡང་གཞི་འཛིན་ས་མེད་པའི་ཧམ་བཤད་དང་། རྫུན་བསྒྲིགས་དེ་དག་ནི་བོད་དང་བོད་ཀྱི་མ་འོངས་པར་མི་དགོས་ཤིང་མི་ལོ་བའི་ནད་ཡམས་ལྟ་བུའི་ཕྱོགས་འཐེན་གྱི་ས་བོན་ཙམ་ཞིག་ལས་གང་ཡང་མེད་པས་ན་བོད་ཀྱི་ཆེད་དུ་ཞེས་པའི་ཐ་སྙད་ཙམ་པོ་བ་དེ་ཙམ་ལས་བོད་དང་བོད་ཀྱི་མ་འོངས་པར་དབྱེན་དཀྲུག་གི་རྒྱུ་ལས་གང་ཡང་མིན་པས་ལས་དོན་གཞན་མེད་ན་མུ་མཐུད་འཁྱལ་གཏམ་དེ་འདྲ་མ་སྤེལ་ན་ལེགས། སྤྱིར་བཏང་དགུ་རོང་གི་གོ་རིག་ཐོས་གསུམ་དང་སློབ་སྦྱོང་གི་གཞི་རྐང་འཛུགས་ཡུལ་སོགས་ཀྱི་ཆ་ནས་བདེན་པ་དག་བདེན་པ་དང་རྫུན་པ་དག་རྫུན་པར་ཤེས་ཚོད་ཡིན་ཡང་། བར་གླགས་ནས་གཞན་གྱིས་བསླུས་པའི་གཏམ་རྒྱུད་ཅིག་བཤད་ཀྱི་ཡོད་དམ། ཡང་ན་ཤེས་ཀྱང་དགོས་དབང་གིས་མ་ཤེས་པའི་ཚུལ་སྟོན་པ་གང་ཡིན་ཆ་མ་འཚལ་ཡང་སྐྱག་རྫུན་ནི་སྐྱག་རྫུན་རང་ཡིན་པས་སྐྱག་རྫུན་ལ་ནམ་ཡང་རྒྱལ་ཁ་ཡོད་མི་སྲིད་པ་ནི་ཐོག་མའི་བསྒྲགས་གཏམ་མོ།།
དགུ་རོང་བས་རྩོམ་ཡིག་སྔ་ཕྱི་གཉིས་ཀྱི་ནང་གི་གླེང་གཞི་གཙོ་བོ་ནི། དགེ་ལུགས་པ་དང་རྙིང་མ་གཉིས་ཀྱི་བར་གྱི་ཆོས་ལུགས་འཐེན་འཁྱེར་གྱི་ཉེན་ཁ་ཆེ་རབས་དང་། དེའི་བྱེད་གཏེ་ནི་གསེར་རྟ་བླ་རུང་གི་མཁན་པོ་ཚུལ་ཁྲིམས་བློ་གྲོས་དང་། སེར་ཤུལ་དགོན་གྱི་དགེ་རྒན་ཆེན་མོ་སེར་བྱེས་དགེ་བཤེས་ལྷ་རམས་པ་འཇམ་དཔལ་བློ་ཤེས་སོགས་ཡིན་རབས་དང་། ཡང་དོལ་རྒྱལ་ཚོགས་པ་དང་༸གོང་ས་སྐུ་ཕྲེང་བཅུ་བཞི་བ་ཆེན་པོའི་བར་དུ་དྲང་བདེན་མིན་པའི་གནས་ཚུལ་ཡོད་རབས་དང་། དེ་ཡང་རྡ་སའི་བཀའ་ཤག་སོགས་ཀྱིས་དཀྲུག་ཤིང་སློང་བཞིན་ཡོད་རབས་སོགས་རེད། ད་དུང་ཧ་ལས་པའི་སྐྱག་རྫུན་ཆེན་པོ་ཞིག་ནི་དེང་རབས་ཀྱི་སྤྱི་ཚོགས་ཀྱི་ཤུགས་རྐྱེན་འོག་ཆོས་ལུགས་ཚང་མ་དངངས་འཚབ་སྐྱེ་ཡུལ་དུ་གྱུར་ཡོད་པ་དང་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་ཀྱང་དགེ་ལུགས་པའི་བསྟན་པ་ནུབ་དོག་གིས་ཚན་རིག་པ་དང་འབྲེལ་བ་གསར་འཛུགས་གནང་བར་བཤད་འདུག དེ་དག་ལ་རིམ་པ་བཞིན་དཔྱད་ན།

༡༽རྙིང་མའི་ཞིང་སྒྲུབ་ཆེན་མོ་ལ་ཁ་གཏད་དུ་དགེ་ལུགས་པའི་ཕྱོགས་ནས་མཁས་པའི་ལྷན་ཚོགས་དང་མདོ་ཁམས་འཇང་དགུན་ཆོས་འཚོགས་བཞིན་འདུག་ཟེར།  འདི་ནི་ཕྲུ་གུའི་རྩོད་པ་བྱབ་མེད་པ་རང་རེད། དགེ་ལུགས་པའི་མཁས་པའི་ལྷན་ཚོགས་དང་འཇང་དགུན་ཆོས་ཀྱིས་རྙིང་མའི་ཞིང་སྒྲུབ་ཆེན་མོ་ལ་ཇི་ལྟར་གནོད། རྙིང་མའི་ཞིང་སྒྲུབ་ཀྱིས་དགེ་ལུགས་ལ་ཇི་ལྟར་གནོད། དེ་ནི་གནོད་སྟངས་ཡེ་ནས་མེད་ཅིང་། ཆོས་ཚོགས་དེ་དག་ནི་རང་རང་གི་བསྟན་པ་འཛིན་སྤེལ་གྱི་ལས་གཞི་ཞིག་ལས་ཁ་གཏད་འཐབ་འཛིང་གི་གནས་ལུགས་ཤིག་གཏན་ནས་མེད་པས་འདི་ནི་དགུ་རོང་བའི་བཤད་སྟངས་མ་ཤེས་པའི་སྐྱག་རྫུན་དང་པོ་དེ་རེད།

༢༽ཆོས་ཚོགས་དེ་དག་བརྒྱུད་ནས་ཕན་ཚུན་བགྲོ་གླེང་བྱས་པ་དང་། བགྲོ་གླེང་སྐབས་དགག་བཞག་བྱེད་རེས་བྱས་པ་དེ་དགེ་རྙིང་བར་གྱི་འགལ་རྩོད་རེད་ཟེར་ན་ནི། དགུ་རོང་བའི་མིག་རྒྱ་ཧ་ཅང་ནས་ཧ་ཅང་ཆུང་ངུར་གྱུར་ཏེ་བསྟན་པ་འཛིན་སྤེལ་བྱེད་པ་བསྟན་པ་འགལ་རྩོད་ཀྱི་ལས་སུ་མཐོང་བ་ལགས་པས་སྙིང་རྗེ་བའི་གནས་སུ་ལགས་སོ། ། རྒྱུ་མཚན་ནི། བགྲོ་གླེང་དང་། དགག་བཞག་ནི་གཞུང་དོན་རྟོགས་པའི་ཐབས་ཤེས་ཟབ་ཤོས་དང་། སྔོན་གྱི་རྒྱ་གར་གྱི་དཔལ་ན་ལེནྜ་ནས་བརྒྱུད་པའི་གདམས་པ་ཡིན་པ་ལས་རྩོད་སྒྲུབ་དང་རིགས་ལམ་གྱི་བགྲོ་གླེང་དེས་བསྟན་པའི་བར་གྱི་དབྱེན་སྦྱོར་དཀྲུག་ཤིང་ཇི་ལྟར་འགྱུར་ཏེ་འགྱུར་མི་སྲིད་དོ།། ཡང་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་དུས་ཐོག་ཆར་བ་སོགས་སུ་བསྡུས་གྲྭ་ཉི་མ་ཕུད་ཐབས་ཡིན་པར་བཤད་པ་དང་། འཇང་དགུན་ཆོས་ལ་ཟུར་ཟ་བྱས་ཡོད་པས་དགེ་རྙིང་བར་གྱི་འགལ་རྩོད་ཆེ་རབས་བཤད་པ་ནི་སྐྱག་རྫུན་ཁོ་ན་སྟེ་ཨ་མདོ་གཙང་དགོན་པར་དབུ་མའི་བགྲོ་གླེང་འཚོག་སྐབས་དགེ་བཤེས་འཇམ་དཔལ་བློ་ཤེས་ཀྱིས་བགྲོ་གླེང་གི་ལས་རིམ་འདི་དག་སུ་གང་གི་ཁ་གཏད་དུ་ལངས་པ་མིན་ཞེས་གསལ་བོར་གསུང་ཡོད་པ་དང་། ༼དུས་ཐོག་ཆར་བ་ལས༽“ཁ་སང་དེ་རིང་ག་ས་གང་དུ་འཇང་དགུན་ཆོས་བཙུགས་ནས་རྩོད་པ་རེ་རྒྱག་གི་འདུག དེ་ཡང་ང་ཚོ་དཔེ་ཆ་བར་མཚོན་ན་བློ་སྐྱེད་འདོན་བྱེད་ཤིན་ཏུ་ལེགས་པོ་རེད”ཅེས་དང་། “ང་རྫ་ཆུ་ཁ་ལ་ཡང་སོང་བ་ཡིན། དགོན་པ་ཕལ་ཆེར་ཉི་ཤུ་ནང་ཞིག་ལ་ཕྱིན་འདུག  ལ་ལར་བཤད་པ་སྒྲུབ་པ་སྤྲོ་སྣང་སྐྱེ་འོས་པ་འདུག” ཅེས་འཇང་དགུན་ཆོས་དང་བཤད་གྲྭ་དེ་ཚོར་བསྟོད་བསྔགས་གནང་བ་ལས་ཕན་མེད་ཡིན་རབས་གཅིག་ཀྱང་གསུང་མི་འདུག་པས་འདི་ནི་དགུ་རོང་སྤུན་གྲོལ་གྱིས་མངོན་སུམ་ལ་བསྙོན་པའི་སྐྱག་རྫུན་གཉིས་པའོ།།

༣༽ ཡང་ནང་ཆོས་དང་ཚན་རིག་བར་གྱི་བགྲོ་གླེང་ནི་བསྟན་པ་བྱ་བྲག་པ་ཞིག་གི་ཆེད་དུ་རེད་ཟེར་བ་ལྟ་བུའི་ཚོད་མེད་པའི་སྐྱག་རྫུན་དང་སྐུར་འདེབས་བྱས་འདུག  དོན་དངོས་ཐོག་༸གོང་ས་མཆོག་གིས་ཆོས་ཚན་ཟུང་འབྲེལ་གྱི་དགོས་དམིགས་འདི་ལྟར་གསུང་ཡོད་དེ། “ང་ཚོར་དགོས་པ་ནི་ཕྱི་དངོས་པོའི་ཡར་རྒྱས་དང་། འགྲོ་བ་མིའི་སེམས་ཀྱི་རིན་ཐང་དར་བསྐྱེད་གཉིས་ཟུང་འབྲེལ་བྱེད་རྒྱུ་འདི་རེད།”ཅེས་འགྲོ་བ་མི་རྣམས་ཀྱི་དངོས་པོའི་ཡར་རྒྱས་དང་སེམས་ཀྱི་རིན་ཐང་གོང་སྤེལ་ཆེད་ལས་གཞི་འདི་བརྩམ་པར་གསུངས་ཡོད། ཚན་རིག་པ་༩༠༠ ཡིས་ཆོས་ཚན་བགྲོ་གླེང་འདིར་སྐྱོན་བརྗོད་བྱས་ཟེར་བ་ནི་སྐྱག་རྫུན་ཁོ་ན་ལས་མ་འདས་ཤིིང་། ༢༠༡༤ ལོ་གཅིག་པོར་ཨ་རིར་ཆོས་ཚན་བར་གྱི་བགྲོ་གླེང་ཐེངས་ཁ་ཤས་འཚོགས་ཟིན་པ་མངོན་སུམ་དུ་གྲུབ་ཅིང་། ལྟ་གྲུབ་ཚན་རིག་པ་དང་ཆོས་ལུགས་རིག་པའི་འབུམ་རམས་པ་ཨ་ལན་གྱིས།“ནང་བའི་གྲྭ་བ་འགའ་ཤས་ཀྱིས་རང་ཉིད་ཀྱིས་སྦྱོང་དགོས་པ་མང་པོ་ཞིག་འདུག་ཅེས་བརྗོད་བྱུང་། ཡིན་ན་ཡང་། ཁྱེད་ཅག་གིས་གཞན་ལ་སློབ་རྒྱུ་ཡང་མང་པོ་འདུག“ཅེས་སོགས་གདེང་འཇོག་བྱས་པ་མཐའ་ཡས་པས་ནང་ཆོས་དང་ཚན་རིག་བར་གྱི་བགྲོ་གླེང་ནི་བསྟན་པ་བྱ་བྲག་པ་ཞིག་གི་ཆེད་དུ་རེད་ཟེར་བ་དང་ཚན་རིག་པས་ཆོས་ཚན་བགྲོ་གླེང་ལ་སྐྱོན་བརྗོད་ལས་གཡོལ་ཆེད་བགྲོ་གླེང་རྡ་སར་འཚོག་བཞིན་པ་རེད་ཟེར་བ་སོགས་ནི་གཞི་རྩ་མེད་པའི་དགུ་རོང་བའི་སྐྱག་རྫུན་ཆེན་པོ་གསུམ་པའོ།།

༤༽ ༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་དོལ་རྒྱལ་བསྟེན་གསོལ་མ་བྱས་ན་ལེགས་པའི་བཀའ་སློབ་སྔ་ཕྱིར་གནང་བ་ནི་བོད་སྤྱིའི་དབུ་ཁྲིད་ཅིག་གི་འགན་ཁུར་གྱི་ངོས་ནས་ལམ་སྟོན་གནང་བ་ཞིག་ཡིན་ཞིང་། དེ་ཡང་ཁོང་གིས་གསར་བཟོ་གནང་བ་དེ་འདྲ་གང་ཡང་མ་ཡིན་པར་༸གོང་ས་ལྔ་བ་ཆེན་པོ་ནས་དམ་བསྒྲགས་གནང་བ་དེའི་འཕྲོ་མཐུད་པ་ཙམ་རེད་ལ། དེ་ལྟར་གནང་དོན་ཡང་བོད་སྤྱིའི་དགེ་ཕན་དང་ཆོས་ལུགས་མཐུན་སྒྲིལ་སོགས་ལ་ཕན་པའི་ཆེད་དུ་རེད། འོན་ཀྱང་སྤང་བླང་ཇི་བཞིན་བྱེད་མ་ཐུབ་པའི་དོལ་རྒྱལ་རྗེས་འབྲང་བ་འགའ་ཞིག་རྒྱ་ནག་གི་ཆབ་སྲིད་ཀྱི་ལག་གྱུར་བ་ནི་ཏཱ་ལའི་བླ་མའི་གནད་དོན་གང་ཡང་མིན་པར་ཁོང་ཚོ་རང་ཉིད་བོད་ཀྱི་རུས་དང་རྐང་མེད་པར་གྱུར་སོང་བས་ལན་པ་ལས་འདྲེ་ངན་ཞིག་གི་ཆེད་དུ་རང་གི་རྩ་བའི་བླ་མ་དང་བོད་མི་རིགས་གཉིས་ཀ་གཡུག་དགོས་དོན་ཅི་ཞིག་ཡོད་དམ། གཞིས་བཞུགས་བོད་ཀྱི་རྒྱལ་གཅེས་པ་རྣམས་སྐུ་གཟུགས་མེ་རུ་བསྒྲོན་ནས་གཞིས་བྱེས་གཉིས་ཀ་སྡུག་གི་མཆི་མས་རྣོང་བཞིན་པའི་སྐབས་སུ་ས་གནས་ཁག་གི་དོལ་རྒྱལ་བསྟེན་མཁན་ཚོས་སྐྱིད་པའི་གླུ་བླང་། དགའ་བའི་བྲོ་འཁྲབ་བཞིན་པ་ང་ཚོའི་མིག་མདུན་ན་དངོས་སུ་ཡོད་པ་འདིས་དོལ་རྒྱལ་བསྟེན་མཁན་ཚོར་བོད་ཀྱི་དྲི་བྲོ་ཞིང་བོད་མི་རིགས་ལ་དགའ་མཁན་ཞིག་ཡིན་མིན་ནི་བྱ་སྤྱོད་འདི་ཁོ་ནས་ལས་སླ་བོར་དཔོག་ཐུབ་བོ།། ཁོང་ཚོས་ཁེར་རྐྱང་གི་སྡུག་བསྔལ་མ་བཟོད་པར་ལམ་དེར་ཞུགས་པ་རེད་ཟེར་ན་ནི་ཁོང་ཚོ་ཁེར་རྐྱང་བཟོ་མཁན་ཁོང་ཚོ་རང་ཉིད་ཡིན་པ་ལས་གཞན་སུས་ཀྱང་ཁོང་ཚོ་ཁེར་རྐྱང་བཟོས་མེད།  སྐབས་སུ་ས་གནས་ཁག་གི་དོལ་རྒྱལ་བསྟེན་མཁན་ཚོས་སྐྱིད་པའི་གླུ་བླང་། དགའ་བའི་བྲོ་འཁྲབ་བཞིན་པ་ང་ཚོའི་མིག་མདུན་ན་དངོས་སུ་ཡོད་པ་འདིས་དོལ་རྒྱལ་བསྟེན་མཁན་ཚོར་བོད་ཀྱི་དྲི་བྲོ་ཞིང་བོད་མི་རིགས་ལ་དགའ་མཁན་ཞིག་ཡིན་མིན་ནི་བྱ་སྤྱོད་འདི་ཁོ་ནས་ལས་སླ་བོར་དཔོག་ཐུབ་བོ།། ཁོང་ཚོས་ཁེར་རྐྱང་གི་སྡུག་བསྔལ་མ་བཟོད་པར་ལམ་དེར་ཞུགས་པ་རེད་ཟེར་ན་ནི་ཁོང་ཚོ་ཁེར་རྐྱང་བཟོ་མཁན་ཁོང་ཚོ་རང་ཉིད་ཡིན་པ་ལས་གཞན་སུས་ཀྱང་ཁོང་ཚོ་ཁེར་རྐྱང་བཟོས་མེད།  རང་ཉིད་ཀྱིས་མི་བསད་ནས་བཙོན་ཁང་དུ་ཁེར་རྐྱང་ངང་སྡོད་དགོས་བྱུང་བ་དེ་རང་ཉིད་ཀྱིས་བཟོས་པ་ལས་གཞན་གྱིས་བཟོས་པ་ག་ལ་ཡིན། དེ་བཞིན་དུ་རང་གི་རྩ་བའི་བླ་མར་ངོ་ལོག བོད་མི་རིགས་ཀྱི་དགྲ་བོར་ལག་སྦྲེལ། རང་གི་གཞུང་དང་མི་མང་ལ་རྒྱབ་གཏད། རང་ཉིད་བོད་པ་ཡིན་པ་ཡང་བརྗེད་ཟིན་པའི་བྱེད་སྟངས་དེ་དག་གིས་ཁོང་ཚོ་ཁེར་རྐང་དུ་ཟུར་འབུད་བྱས་པ་ཡིན་པས་དེ་ནི་རང་ཉིད་ཀྱིས་བྱས་པ་ཁོ་ནའོ།། ཡང་དོལ་རྒྱལ་བསྟེན་མཁན་ཚོར་འཐུས་མི་དང་བཀའ་བློན་སོགས་བདམ་པའི་ཐོབ་ཐང་མེད་པར་བཟོས་ཡོད་རེད་ཟེར་བ་སོགས་ནི་སྐྱག་རྫུན་ཁོ་ན་སྟེ་ཁོང་ཚོ་མ་ཡོང་ན་མ་གཏོགས་བཀའ་བློན་སོགས་འདེམས་བསྐོ་སྐབས་སུ་དོལ་རྒྱལ་བསྟེན་མཁན་ཚོ་ཡོང་མི་ཆོག་ཟེར་བ་ཞིག་སུས་ཀྱང་བཤད་མ་མྱོང་བས་འདི་དག་ཐམས་ཅད་ཀྱང་དགུ་རོང་བའི་མི་བདེན་རྫུན་སྒྲིག་གི་སྐྱག་རྫུན་ཆེན་པོ་བཞི་བའོ།།
མཇུག་བསྡུ་བ།
སྤྱིར་དགུ་རོང་བའི་རྩོམ་ཡིག་དེ་ཚོ་གནས་ལུགས་མེད་པའི་སྐྱག་རྫུན་འཇིགས་པོ། མངོན་སུམ་ལ་བསྙོན་པ་རྐྱང་རྐྱང་རེད་འདུག་པས་རྒྱུ་མཚན་ཞིབ་དཔྱོད་ཀྱིས་བགྲོ་རེས་ཀྱིས་དོག་སེལ་དང་། བློ་སྐྱེད་རག་རེ་སོགས་གང་ཡང་མེད་ཀྱང་སྐྱག་རྫུན་ཞིག་གཞི་རིམ་ཤེས་རྨོངས་ཀྱི་སྡེ་ནས་ཐེངས་འགའ་བསྐྱར་ནས་བསྐྱར་དུ་འཁོར་རྗེས་རྒྱུས་མངའ་མེད་པའི་སྐྱེ་བོ་གང་མང་ཞིག་གི་སེམས་ཀྱི་ངོས་ལ་བདེན་པའི་གྲུབ་དོན་ཞིག་ཏུ་འགྱུར་སྲིད་པ་དང་། གཅིག་བྱས་ན་འདི་ནི་དགུ་རོང་བའི་མཐར་ཐུག་གི་དམིགས་ཡུལ་ཡང་ཡིན་སྲིད་པས་བྱ་བཏང་ཡི་གེ་འདི་བྲིས་པ་ཡིན། །
༢༡༠༡༤/༨/༡༠/ ལ།

ཀློགས་གྲངས། 3006 ..
སེར་ཤུལ་རིན་ཆེན་དོན་གྲུབ།

གུས་པ་སེར་ཤུལ་རིན་ཆེན་དོན་གྲུབ་བདག་ནི་སྤྱི་ལོ ༡༩༨༠ ལོར་བོད་ཁམས་ཕྱོགས་སུ་སྐྱེས།  ད་བར་དུ་གཞུང་ཆེན་སློབ་གཉེར་གྱི་ཞོར་དུ་རྩོམ་དེབ་འགའ་ཞིག་སྤྱི་ཚོགས་སུ་འགྲེམས་སྤེལ་བྱས། ཞར་དང་ཞོར་ལ་བྲིས་པའི་རྩོམ་ཡིག་སྐོར་ཞིག་ལ་བྱ་དགའ་ལེགས་གསོལ་ཡང་ཐེངས་མང་ཐོབ། གུས་པ་རིགས་པ་དང་དཔྱོད་ཤེས་ཀྱི་ནུས་ཤུགས་དང་མ་བྲལ་བའི་རྩོམ་ཡིག་དང་། རང་རིགས་ལ་ལྷག་བསམ་དཀར་བའི་མི་བུ་དག་ལ་ཧ་ཀྱང་དགའ། དེའི་ཕྱིར་ངས་བླ་ན་མེད་པའི་རིག་གཞུང་དང་།  ཞི་བདེ་ལྡན་པའི་མི་རིགས་འདིའི་ཆེད་དུ་དུས་ཚོད་གང་མང་གཏོང་འདོད་ཡོད། 
སྐད་འཕྲིན་ཨང་། 0091 8050271125 ཁ་པར་ཨང་། 00919980654163
ཡིག་སྒམ། rinchenddupla@gmail.com

ནང་འཛུལ་བྱས་ཏེ་ཀློག་མཆན་སྤེལ།