གསར་སྤེལ་ཟིན་བྲིས།

གཟའ་ཕུར་བུ།, 02 /10/ 2014 12:35

སྙིང་གི་བཟའ་ཟླ།

ཟིན་བྲིས་པ། 
ཀློག་པ་པོས་རྩོམ་ཡིག་ལེགས་འདེམས་བྱེད་གནས།
(1 འོས།)
སྙིང་གི་བཟའ་ཟླ།


ཀ་བ་བཞིན་དུ་དྲང་བའི་ཁྱོད།།
ཁ་ཁོག་གཉིས་སུ་མེད་པ་ཁྱོད།།
ག་ནས་བལྟས་ཀྱང་གཡོ་བག་བྲལ།།
ང་ལ་དུང་བ་མཚོ་མོ་ཡོད།།


ཅ་དག་བཞིན་བཟང་འཛུམ་པའི་ཁྱོད།།
ཆ་ཙམ་ལྷད་ཀྱིས་མ་གཡོག་ཁྱོད།།
ཇ་དང་ཆང་གི་གཡས་ཟུར་ན།།
ཉ་ཤ་བཙོས་པའི་ཞིམ་ཁ་ཡོད།།


ཏ་རིན་བཞིན་དུ་མི་འདུག་ཁྱོད།།
ཐ་མལ་བ་དང་གཉིས་མེད་ཁྱོད།།
ད་ལྟ་མཉམ་ཟ་མཉམ་འཐུང་འདི།།
ན་ནངས་དོ་ཚིགས་སྐྱིད་ཅིག་ཡོད།།


པ་སངས་ལྟ་བུའི་སེམས་དཀར་ཁྱོད།།
ཕ་བཟང་བུ་མོའི་གཤིས་འཛིན་མ།།
བ་མོའི་འོ་མའི་བརྩེ་བ་ཅན།།
མ་ཡི་བྱམས་བརྩེ་གཉིས་པ་ཡོད།།


ཙ་རི་བསྐོར་ཀྱང་མི་ངལ་ཁྱོད།།
ཚ་གྲངས་དཀའ་སྤྱད་ཐུབ་པའི་ཁྱོད།།
ཛ་དྲག་གང་ལ་ཐུག་ཀྱང་ཆོག།
ཝ་བཞིན་མི་ཞུམ་ཆོད་སེམས་ཡོད།།


ཞ་མོ་བཞིན་དུ་ཁྱོད་ཀྱིས་བཀུར།།
ཟ་ཟིའི་རྣམ་རྟོགས་ཁྱོད་ཀྱིས་སྤངས།།
འ་ཅག་གཉི་ཀའི་མི་ཚེ་ལ།།
ཡ་རབས་བཟང་སྤྱོད་ཁྱོད་ཀྱིས་སྦྱིན།།


ར་མ་ལུག་འདྲ་མིན་པའི་ཁྱོད།།
ལ་ལུང་བསྲེ་སླད་མེད་པའི་ཁྱོད།།
ཤ་ཚ་སྙིང་ཉེའི་བཟའ་ཟླ་ཁྱོད།།
ས་འཛིན་དཀར་པའི་སྲོག་ཤིང་ཡིན།།


ཧ་ཧ་ཁྱོད་ཀྱི་བྱམས་བརྩེ་ཡིས།།
ཨ་བོ་ང་ལ་ཡིད་ཆེས་སྟེར།།
མི་ཚེ་གཅིག་གི་གཏམ་རྒྱུད་ནི།།
དེ་རིང་ཀ་མད་སུམ་ཅུས་གླེང་།།


ཀ་མ་ལ་ལྟར་འཚར་བའི་ཁྱོད།།
ཁ་ཚིག་སྙན་ཞིང་འཇེབས་པའི་ཁྱོད།།
ག་བུར་འཐུལ་བའི་མི་ཚེ་ལ།།
ང་ཡང་གཤོག་དྲུག་བཞིན་དུ་བསུས།།

༡༠
ཅ་ལག་བདག་གཅེས་བཟང་བའི་ཁྱོད།།
ཆ་ཚང་ཁས་རྒྱག་མེད་པའི་ཁྱོད།།
ཇ་མ་བཟང་པོའི་ལས་ཀ་ཅན།།
ཉ་རྒྱས་ཟླ་བའི་བརྩེ་བ་ཅན།།

༡༡
ཏ་རེ་སྒྲོལ་མོར་དད་པའི་ཁྱོད།།
ཐ་མལ་སྦྲང་བོར་སྙིང་རྗེ་ཅན།
ད་ནངས་སྔ་ལང་ཞལ་འདོན་བྱེད།།
ན་མ་ཡ་རབས་ཁྱོད་མིན་སུ།།

༡༢
པ་བ་རྗེས་སུ་དྲན་པའི་ཁྱོད།།
ཕ་ཤུལ་བུ་མོས་འཛིན་པ་ཁྱོད།།
བ་ཕྱུགས་ཞིང་སོགས་ལས་ཀ་བྱེད།།
མ་ལ་ངལ་གསོ་ཁྱོད་ཀྱིས་བྱིན།།

༡༣
ཙ་ཀོ་ར་བཞིན་འདུར་བའི་ཁྱོད།།
ཚ་གྲང་ངལ་དུབ་ཐེག་པའི་ཁྱོད།།
ཛ་དྲག་གདོང་ལེན་བྱས་པ་ན།།
ཝ་མོ་ངོ་ཚས་ཚང་ལ་འཛུལ།།

༡༤
ཞ་ལྟར་རྒན་རྣམས་ཁྱོད་ཀྱིས་བཀུར།།
ཟ་མ་ཞིམ་པོས་བྱིས་པ་མགུ།།
འ་ཅག་བོད་ཀྱི་ལུགས་ལྟར་ན།།
ཡ་རབས་འཛངས་མ་ཁྱོད་ལ་ཟེར།།

༡༥
ར་ལུག་སྒོ་ཕྱུགས་ཁྱོད་ཀྱིས་འཚོ།།
ལ་ལུང་ཚོང་ལས་ཁྱོད་ཀྱིས་གཉེར།།
ཤ་ཚས་བུ་ཕྲུག་གཅེས་པའི་མ།།
ས་ཆ་འདི་ན་ཁྱོད་ཉིད་ཙམ།།

༡༦
ཧ་ཅང་རིང་མིན་ཐུང་མིན་པས།།
ཨ་མའི་བུ་མོ་གཟུགས་ཡག་མ།།
བཟའ་ཟླའི་སྙིང་གི་མེ་ཏོག་ཁྱོད།།
དེ་རིང་ཀ་མད་སུམ་ཅུ་བསྟོད།།

༡༧
ཀ་ར་བཞིན་དུ་མངར་བའི་འོ།།
ཁ་མཆི་གཉི་ཀ་ནེམ་པ་ན།།
ག་ནས་ཞིམ་པའི་སྦྲང་རྩི་སྟེ།།
ང་ལ་མ་གཏོགས་བྱིན་མེད་སྐད།།

༡༨
ཅ་དག་ལག་ཟུང་འཁྱུད་པ་ནས།།
ཆ་ཚང་འདོད་པའི་གོ་རིམ་བཞིན།།
ཇ་གང་དལ་གྱིས་འཐུང་བའི་ཡུན།།
ཉ་ཡིས་འགྲེ་ལོག་བརྒྱབ་པའོ།།

༡༩
ཏ་རིན་ཕྱུག་པོར་མི་སྨོན་ལ།།
ཐ་ལམ་འཕྲུལ་ལ་མི་འཁོར་བས།།
ད་ནས་གཞན་ལ་མི་འགྲོགས་པ།།
ན་ནངས་སྔོན་ནས་ཡིད་ཆེས་བྱིན།།

༢༠
པ་ཕ་སྔོན་ནས་མེད་སོང་བས།།
ཕ་ཡི་ཚབ་ཏུ་ཁྱོད་ཡིན་ཞེས།།
བ་མོའི་འོ་མའི་མདངས་འདྲ་བའི།།
མ་ལུས་བཀའ་དྲིན་ང་ལ་ཞུས།།

༢༡
ཙ་རི་བསྐོར་ཀྱང་མི་ངལ་ལ།།
ཚ་གྲང་ཆེ་ཡང་མི་ཞུམ་ན།།
ཛ་དྲག་ཅིག་གིས་མི་འབྲལ་ཞེས།།
ཝ་ལུང་གསེར་ཅན་གཏམ་ལ་བཞག།།

༢༢
ཞ་ར་ཞ་བོར་གྱུར་ཀྱང་ཆོག།
ཟ་རྒྱུ་མེད་པར་སྤྲང་ཡང་རུང་།།
འ་ཅག་གཉི་ཀའི་མི་ཚེ་འདི་ལ།།
ཡ་འཐོར་བསམ་པ་མེད་ཅེས་གསུང་།།

༢༣
ར་གན་གསེར་ལ་བཞག་མིན་ཏེ།།
ལ་ལུང་མི་ལ་འདི་ལྟར་གྲགས།།
ཤ་ཞེན་ཆེ་བ་ཁྱོད་འདྲ་བ།།
ས་ཆ་གཞན་ན་མེད་དོ་ཟེར།།

༢༤
ཧ་ཅང་བརྩེ་བ་ཆེ་གྱུར་བས།།
ཨ་བུ་ང་ཡང་སེམས་ནས་དགའ།།
བཟའ་ཚང་སྐྱིད་པའི་མི ཚེ་འདི།
མི་ལུས་ཞིག་གི་དོན་གོ་ཡིན།།

༼༡-༡༠-༢༠༡༤༽
ཀློགས་གྲངས། 2126 ..
གནམ་བུ།



མཛེས་མ
ཨ་རག་
རྩེ་མོ་་་གསུམ་
ང་ཡི་དགའ་ས་ཡིན།
ངོ་དེབ་
སྐད་ཕྲིན
ཀ་རྩོམ་་་་གསུམ་
ང་ཡི་སྐྱོ་གྲོགས་ཡིན།

དྲ་རྒྱ། www.changsa.net
ནང་འཛུལ་བྱས་ཏེ་ཀློག་མཆན་སྤེལ།