གསར་སྤེལ་ཟིན་བྲིས།

གཟའ་མིག་དམར།, 29 /04/ 2014 20:51

ཉི་འོད་ཀྱིས་བཏེགས་པའི་གྲིབ་མ་ནག་པོ།

ཟིན་བྲིས་པ། 
ཀློག་པ་པོས་རྩོམ་ཡིག་ལེགས་འདེམས་བྱེད་གནས།
(0 འོས་གྲངས།)
ཉི་འོད་ཀྱིས་བཏེགས་པའི་གྲིབ་མ་ནག་པོ།
  ཕྱོགས་ཁྱུང་སྲས།
〔སྐྱབས་ཆེན་བདེ་གྲོལ་གྱི་སྙན་ངག་“དགུན་ཟླ་དང་པོ”རགས་ཙམ་གླེང་བ།༢༠༡༢ལོའི་གངས་རྒྱན་མེ་ཏོག་དེབ་དང་པོ།〕
རྩོམ་རིག་ནི་མིའི་རིག་པ་ཞིག་ཡིན་〔ཀོར་ཇི 高尔基〕པ་ནང་བཞིན། རྩོམ་རིག་གི་འགོ་རྩོམ་ས
་དང་མཇུག་བསྡུ་སའང་མི་ཡིན་ལ།མིའི་བག་ལ་ཞ་བའི་བླ་སྲོག་གི་སྒྲ་དབྱངས་སམ་དུངས་ཚོར་གྱི་འཕྱོ་འཇགས་ཀྱང་རྩོམ་རིག་གམ་སྙན་ངག་སྟེང་ནས་བློས་བསླངས་བྱས་ཤིང་།སྙན་ངག་པ་ནི་ཚེ་སྲོག་གི་གཏིང་མཐའ་ན་གནས་པ་དང་འཚོ་བའི་གཏིང་མཐའ་ན་འཚོ་བའི་ཕྱིར་ན།ན་ཟུག་གིས་སློག་པའི་སེམས་ཁམས་ཀྱི་འགུལ་སྟངས་དང་སྐྱེན་དྲག་གི་ཚོར་འདུ་ཡང་སྤྱི་ཚོགས་འཚོ་བ་གང་རུང་གི་ཟབ་སར་སིམ་ཡོད་སྙམ་སྟེ།བོད་རྩོམ་གསར་བའི་དར་སྤེལ་གྱི་གོ་རིམ་ཁྲོད་ནས“མི”་ཞེས་པ་རིམ་གྱིས་རྙེད་ཅིང་།རྩོམ་རིག་གི་ཁ་གཏོད་ས་འང་མི་དང་མིའི་འཚོ་བར་འཕེལ་དེ་མི་“མི”་རུ་སློང་བའི་རྩོམ་རིག་གི་བསམ་བློ་ཞིག་གྲུབ་ཡོད་པར་འདོད། འདིར་གླེང་བར་བྱ་བའི་སྙན་ངག་“དགུན་ཟླ་དང་པོ་”ཡང་ཕྱི་རོལ་དངོས
་ཡོད་གནས་ཚུལ་ལས་འཕྲོས་པའི་སྒྱུ་རྩལ་གྱི་བློས་བསླངས་ཤིག་སྟེ།དགུན་ཟླ་དང་པོ་དང་འབྲེལ་བའི་ཁོར་ཡུག་གི་སྣང་ཚུལ་རེ་གཉིས་སྙན་ངག་གི་སྐད་ཆའི་བརྡ་རྟགས་དང་མཚོན་བྱེད་དུ་བཟུང་ཞིང་།སྣང་བརྙན་ཡན་གར་བ་དེ་དག་ལ་བརྟེན་ནས་ལོ་རྒྱུས་ཀྱི་ལྟེབས་ཁུག་ཏུ་བསྙལ་ཡོད་པའི་སྤྱི་ཚོགས་འཚོ་བའི་དངོས་དོན་ཞིག་ཕྱིར་མངོན་དུ་བཅུག་ཡོད་པས་སྙན་ངག་པ་སྤྱི་ཚོགས་འཚོ་བའི་ཟབ་སར་འཛུལ་ཏེ་བརྐོ་སློག་དང་བསམ་གཞིག་གི་བརྡར་གཅོད་ལས་འབུས་པའི་ན་ཟུག་གི་ཁོང་འདར་ཅིག་ཀྱང་ཡིན་པར་འདོད།
སྒྱུ་རྩལ་གྱི་ཐབས་འཕྲུལ་ལས་བཞེངས་པའི་དགུན་ཟླ་དང་པོ་ནི་སྙན་ངག་པ་ཁོའི་སེམས་ཚོར་ལས་བྱུང་བའི་ན་ཟུག་གི་འགུལ་སྟངས་ཡིན་སྲིད་ལ།མི་དང་སྤྱི་ཚོགས་འཚོ་བ་གང་རུང་གི་གནས་བབས་ལ་འགན་འཁུར་བ་ཙམ་ཀྱང་ཡིན་སྙམ་སྟེ། མཚོན་པའི་འབྲི་སྟངས་དེའི་སྟེངས་དུ་ཤུགས་དྲག་པའི་ཚོར་འདུ་བསྣན་ན་ད་གཟོད་སྙན་ངག་ཏུ་འགྲོ་བ་ཡིན་〔བདུད་ལྷ་རྒྱལཞེས་པ་ལྟར།རྩོམ་པ་པོས་ཀྱང་ད་ཡོད་སྤྱི་ཚོགས་འཚོ་བའི་ཁྲོད་ཐོན་པའི་དངོས་ཡོད་ལ་གདོང་གཏད་ཅིང་རང་ཉིད་ཀྱི་བླ་སྲོག་འདར་བར་བྱས་ཏེ་མངོན་ལྐོགས་གང་རུང་ནས་སྙན་ངག་གི་འགན་འཁྲི་མཐོ་རུ་བཏེགས་ཤིང་།རང་ཉིད་འཚོ་སའི་ཁོར་ཡུག་གི་གནས་བབ་མཐའ་དག་དང་མིའི་སྤྱི་ཚོགས་ཀྱི་འདུ་ཤེས་འཛིན་སྟངས་སོགས་ལ་མིག་ཟུང་མ་གློད་པར་སེམས་འཚུབ་ངང་མཐོང་ཐུབ་པ་ནི་དྲོད་རླངས་འཕྱུར་བའི་རྒྱབ་འོག་ན་དགུན་ཟླ་དང་པོ་བསྐུངས་ཡོད་པ་དེ་ཡིན་ལ།དྲོད་རླངས་ནི་མ་གཞི་ནས་བ་མོའི་ཟོལ་གྱིས་ཆགས་སླ་ལ་ཡལ་སླ་བའི་ཆོས་ཉིད་ཅན་ཞིག་ཡིན་ཕྱིན་སུ་དང་གང་ལའང་སྤྱོད་གོ་ཆོད་ཅིང་ཕན་པའི་དགེ་བ་ནི་ཡེ་ནས་མེད་པར་དེ་དང་འབྲེལ་བའི་དགུན་ཟླ་དང་བོ་ཡང་གྲང་རེག་དང་ཁ་བས་བསྐྱངས་པའི་དུས་ཚིགས་ཤིག་སྟེ།མི་རྣམས་ལ་ནམ་ཡང་འཁྱགས་པས་གཙེས་ཤིང་རྡུལ་འཚུབ་ཀྱིས་མནར་བས་དྲོད་ཀྱིས་གསོ་འོས་པའི་མྱུ་གུ་ལ་ཡང་རེ་བའི་དཔྱིད་དཔལ་ཅིག་གཞར་ཡང་མཐོང་ཐབས་མེད་།འདི་ནི་རྩོམ་པ་པོའི་མིག་ལམ་དུ་སྣང་བའི་ད་ལྟའི་སྤྱི་ཚོགས་ཀྱི་གནས་བབ་དང་སྣང་ཚུལ་ངོ་མ་བོ་ཡིན་སྲིད་ལ།སུ་དང་གང་གིས་ཀྱང་བརྗོད་མ་ཐུབ་པའི་ཉི་འོད་ཀྱིས་བཏེགས་པའི་གྲིབ་མ་ནག་པོ་ཡང་ཡིན་རྐྱེན་ཁྱི་རྒན་དང་ལྕགས་ཐག་འཁྱག་པ། རྒྱང་ རིང་གི་སྐར་མ་འཁྱག་པ།ཟུག་སྐད་སོགས་གཞོགས་གཅིག་ཏུ་སྤུངས་ཏེ་འཚོ་བའི་ན་ཟུག་ལས་བྱིན་པའི་ངུ་འབོད་དང་འོ་དོད་དག་བསྡུས་བརྗོད་ཀྱི་ལམ་ནས་ཕྱིར་སྟོན་བྱས་མོད།འོན་ཀྱང་དེ་ལྟ་བུའི་ན་ཟུག་མཐོང་ཐུབ་ལ་མྱོང་ཡང་ཐུབ་པ་ནི་འཚོ་བའི་ཟབ་སར་འཛུལ་ཡོད་པའི་མི་རེ་འགའ་མ་གཏོགས་མེད་པའི་ཕྱིར་ན།ཁོ་ཚོས་ཀྱང་ཕུགས་བསམ་རིང་ལུགས་ཀྱི་ལག་སྣེར་འཇུས་ཏེ་དགུན་ཟླ་དང་པོའི་ངོས་མི་སྙོམས་པའི་འགྲམ་དར་རིང་མོ་ཞིག་བརྒྱུད་ཅིང་སོང་བ་ནི་སུ་དང་གང་གིས་ཀྱིས་དང་དོད་དང་ཐུགས་ཁུར་བྱས་མེད་ལ།དེ་ནི་རྩོམ་པ་པོ་སེམས་ཚགས་བྱེད་ས་ཞིག་དང་ན་ཟུག་བསླངས་བྱེད་ཅིག་སྟེ་སྙན་ངག་རིལ་བོའི་སེམས་འགྱུའི་འཕར་ལྡིང་གི་འཕར་ལྡིང་གི་འགུལ་ཤུགས་ཀྱང་འདིར་འདུས་ཡོད་པ་ཡིན།དུམ་ཚན་གཅིག་གི་ཁྲོད་“ང་ཡི་་་་ང་ཡི་་་་་་”ཞེས་བསྐྱར་ཟློས་ཀྱིས་བཀོད་སྒྲིག་བྱས་པ་ལས་སྙན་ངག་པས་མི་དང་སྤྱི་ཚོགས་ལ་འགན་ཁུར་གྱིན་པ་མཐོང་སླ་ཞིང་“མི་སེར་”ཞེས་པའི་ཐ་སྙད་སྙན་ངག་ཁྲོད་དབྱུང་པ་ལས་དམངས་ཀྱི་འཚོ་བར་རྒྱུན་དུ་་བློ་ཁ་ཕྱོགས་ཤིང་རྣ་བ་གླགས་ཀྱིན་པ་དེའང་རྟོགས་ཐུབ་པ་ཡིན་པས་ན།སྒྱུ་རྩལ་ནི་དངོས་ཡོད་ལས་བདེན་པར་གྲུབ་ཅིང་དངོས་ཡོད་ཀྱི་ཆོས་ཉིད་དམ་གཏན་ཚིགས་གསེད་བྱེད་ཅིག་ཡིན་སྙམ་ཞིང་་སྙན་ངག་གི་ངོ་བོ་མ་གཞི་ནས་བདེན་ལུགས་སྐྱོང་བ་དེ་ཡིན་པས་སོ།
མིས་གྲུབ་པའི་སྤྱི་ཚོགས་ལ་ལམ་ལུགས་དང་སྒྲིག་གཞི་ངེས་ཅན་ཞིག་དགོས་པ་ནི་བསྙོན་དུ་མེད་ཅིང་གཏན་ལ་ཕབ་པའི་ལམ་ལུགས་དང་སྒྲིག་གཞི་དེ་སུ་གང་གི་ཁེ་ཕན་ལ་མི་གནོད་པ་ཞིག་ཡིན་དགོས་པ་ནི་ལམ་ལུགས་དང་སྒྲིག་གཞི་མ་བཟོས་པའི་ཡར་སྔོན་ནས་བསམ་བློ་གཏོང་དགོས་པ་ཞིག་ཡིནཕྱིན།སུ་ཞིག་གི་མངའ་ཐང་ན་འཚོ་བའི་མི་དམངས་ཀྱི་བདེ་སྡུག་དང་ཁེ་ཕན་དང་དུ་ལེན་དགོས་ལ་ཐུགས་ཁུར་ཀྱང་བྱེད་དགོས་པ་ཡིན།ཉེ་བའི་ལོ་འདི་གའི་རིང་དམངས་ཀྱི་ས་ནས་བསྡུས་ཏེ་དམངས་ཀྱི་སར་སྤྱོད་པའི་རྣམ་གྲངས་ཀྱང་མང་དུ་ཕྱིན་ཅིང་།ཡིན་ནའང་དེ་ནི་ཉི་འོད་ཀྱིས་བཏེགས་པའི་གྲིབ་མ་བཞིན་ངོས་གཉིས་སུ་སྣང་བས་ན་དགེ་སྐྱོན་གང་རུང་ཏུ་སོང་བ་ཞིག་ཡིན་པ་མཐོང་ཐུབ་ནའང་།སྤྱི་ཚོགས་ཀྱི་གཟེབ་ཏུ་ཚུད་པའི་མི་གང་མང་ཞིག་ད་དུང་དགུན་ཟླ་དང་པོའི་རྡུལ་དང་དུ་སྤྲིན་ཁྲོད་ན་འཇམ་ཅག་གེར་འདུག་པ་ནི་དེ་བས་བཟོད་ཐབས་མེད་པའི་ན་ཟུག་ཅིག་ཏེ།རྩོམ་པ་པོས་ཀྱང་དངོས་ཡོད་ཀྱི་སྲུབས་ཀ་དང་བར་གསེང་དག་ནས་མཐོང་བས་ན་སྒྱུ་རྩལ་ཐབས་འཕྲུལ་གྱིས་སྤྱིར་བཏང་གི་སྐད་ཆ་དེ་སྙན་ངག་གི་སྐད་ཆར་བསྒྱུར་བས་སྙན་ངག་པས་མི་དང་སྤྱི་ཚོགས་འཚོ་བ་གང་རུང་བརྒྱུད་ནས་རང་ཉིད་ཀྱི་འགན་འཁྲི་མངོན་སྟངས་ཤིག་ཀྱང་ཡིན་པར་སེམས།
  སྒྱུ་རྩལ་གྱི་མཛེས་པའམ་སྙན་ངག་གི་མཛེས་པ་དེས་དངོས་ཡོད་ཀྱི་མཛེས་པ་མཚོན་པ་ཞིག་ཡིན་མོད།འོན་ཀྱང་རང་ སྟོབས་དང་གསར་བསྐྲུན་རང་བཞིན་ལྡན་པའི་སྒོ་ནས་མཚོན་དགོས་པ་ཞིག་ལས་པར་རྒྱག་ནང་བཞིན་མཚོན་ན་སྙན་ངག་གི་སྐད་ཆའི་མཛེས་པ་འཕྱོར་འགྲོ་བས།བརྗོད་བྱ་མཚོན་བྱེད་ཀྱི་སྐད་ཆའི་སྒྱུ་རྩལ་ལ་ངེས་པར་དང་དོད་བྱ་དགོས་ཏེ།དེ་ནི་བསམ་བློའི་ལྗིད་ཤུགས་དང་ལྡན་པའི་སྙན་ངག་གི་མཛེས་རྟོག་འཇིག་རྟེན་དུ་ཁྲིད་མཁན་གྱི་དབུ་ཁྲིད་པ་ཞིག་ཡིན་ཕྱིར།སྙན་ངག་ལ་ངེས་པར་དུ་རང་དང་འཚམས་པའི་གོས་ལྭ་གསོན་ཉམས་ཅན་ཞིག་དགོས་ཤིང་།དེ་ནི་སྙན་ངག་མ་གཞི་ནས་སྒྱུ་རྩལ་ཅིག་ཡིན་པའི་དགོས་མཁོའང་ཡིན་སྙམ།སྤྱིའི་ཆ་ནས་“དགུན་ཟླ་དང་པོ”་ཞེས་པའི་སྙན་ངག་འདི་གབ་པའི་རང་བཞིན་གྱིས་གཙོར་འབྲི་བྱས་ཡོད་ནའང་དུམ་ཚན་གསུམ་པའི་སྟེང་དམར་རྗེན་དུ་བུད་རྐྱེན།ཐེད་རལ་དུ་སོང་བའི་ཕྱི་གོས་ཁྲོད་ནས་ཅི་ཞིག་བརྗོད་འདོད་ཀྱི་ཀུན་སློང་ངམ་ལྟ་དགོངས་སོགས་མཐོང་སླ་བས་སྙན་ངག་འདིའི་སྐད་ཆའི་སྒྱུ་རྩལ་དེ་སྒྱུ་རྩལ་ཁྲོད་ཀྱི་སྒྱུ་རྩལ་དུ་སོན་མེད་པར་སྤྱིར་བཏང་གི་སྐད་ཆས་བྱུགས་ཡོད་པར་འདོད།འདི་ནི་སྙན་ངག་འདིའི་སྐད་ཆའི་སྟེང་གི་ཆེས་ཉམས་ཞན་དུ་སོང་བའི་གནས་ཡིན་རྐྱེན་སྒྱུ་རྩལ་གྱི་གྱ་ནོམ་པའི་བྲོ་བ་ཤོར་ཟིན་ལ་ཉིང་ཁུ་ཡང་འཐུང་རྒྱུ་མི་འདུག་པ་ཞིག་ཏུ་གཞི་ནས་གྱུར་པས་“དགུན་ཟླ་དང་པོ”་ཞེས་པའི་སྙན་ངག་ནི་སྒྱུ་རྩལ་མཚོན་སྟོབས་ནང་དུ་འཁུམས་ཤིང་འཆར་ཡན་གྱི་ཆ་ལག་ཞི་ལྷོད་ཀྱི་ངང་དུ་གནས་ཡོད་ལ།མཚོན་པའི་ཚིག་སྦྱོར་སྤེལ་སྟངས་ཐད་ནས་ཀྱང་མཐོང་བ་ཙམ་གྱིས་སྔ་ཕྱིའི་གོ་རིམ་འབྲེལ་ཆགས་པ་ཞིག་ཏུ་མི་སྣང་བར་རྟོད་ཐག་རེ་རེ་རུ་བཏགས་ཡོད་པ་ཞིག་ཏུ་མངོན་ན་ཡང་སྙན་ངག་གི་ནང་དུ་འཛུལ་ཏེ་ཕྱིར་མིག་ཟུང་གློད་པ་ཡིན་ན་ཐག་རིང་གི་ས་ནས་ཅི་ཞིག་རྟོགས་འོངས་པའི་ཚོར་སྣང་ཐན་ཐུན་ཞིག་དང་རྗེས་དཔག་གི་རྟོག་པའི་བློ་ཞིག་ཀྱང་སྟེར་ནུས་ཤིང་།ཚོར་སྣང་དེ་ལས་ད་གཟོད་སྙན་ངག་སྤྱིའི་སྒྲིག་རིམ་དང་སྒྲོམ་གཞི་ཇི་ལྟ་བུ་ཞིག་ཏུ་ཡོད་པ་ཡང་དྲན་པར་འཇུག་ངེས་སོ།
   སྤྱིར་སྒྱུ་རྩལ་གྱི་ཚད་མཐོ་ས་ཞིག་ནས་བལྟས་ན་སྐད་ཆ་ལའང་སྤྱིར་བཏང་གི་སྐད་ཆ་དང་རྩོམ་རིག་གི་སྐད་ཆ། སྙན་ངག་གི་སྐད་ཆ་བཅས་སོ་སོ་བ་རེ་འདུག་པ་ནི་དབྱངས་འགྲོས་དང་མཚོན་སྟོབས་ཀྱི་ཆ་ནས་མངོན་པ་ཞིག་སྟེ།སྙནངག་གི་སྐད་ཆ་ནི་རྩོམ་པ་པོའི་དགའ་སྐྱོ་ཆགས་སྡང་དང་ན་ཟུག་གི་སེམས་ཚགས་ལས་བཞུར་འོང་བའི་འོ་སྤྲི་ལྟ་བུ་ཞིག་ཏུ་ཆགས་རྐྱེན་དབྱངས་འགྲོས་ཀྱི་འཕར་ལྡིང་གི་གྲིམ་ལྷོད་རན་པ་དང་།སྒྱུ་རྩལ་མཚོན་སྟོབས་སོགས་ཤུགས་དྲགས་སུ་གནས་པ་དག་ལའང་ངེས་པར་དུ་ཤེས་རྟོག་གི་འཚོལ་ཞིབ་དང་བསམ་གཞིག་གི་གཙུབ་བརྡར་རྣོ་དབལ་ཅན་ཞིག་དགོས་ཏེ།སྙན་ངག་ནི་སྒྱུ་རྩལ་ཁྲོད་ཀྱི་སྒྱུ་རྩལ་ཅིག་ཏུ་སོན་པར་བྱས་པའི་གནད་གཅིག་པུའང་རོལ་དབྱངས་དང་མཉམ་དུ་སྡེབས་ནས་ཡོད་པ་དང་མཚོན་སྟོབས་འབུར་དུ་དོད་ཡོད་པ་འདིའི་སྟེང་དུ་མངོན་དགོས་པ་ཞིག་ཡིན།ཡིན་ན་ཡང་སྙན་ངག་འབྲི་དུས་དབྱངས་འགྲོས་གཅིག་པུར་གཞོལ་ན་“ལང་ཚོའི་རྦབ་ཆུ”་ལྟ་བུའི་གྱེར་འདོན་སྙན་ངག་ཏུ་འགྲོ་ལ་བརྗོད་འདོད་ཀྱི་ནང་སྙིང་གི་ཆ་ལའང་རྣམ་པའི་བཀག་སྡོམ་ངེས་ཅན་ཞིག་ཐེབས་ནུས་པས་རྩོམ་པ་པོས་ཀྱང་སྤྱི་ཚོགས་འཚོ་བའི་དོན་དངོས་འབྲི་བའི་མཚོན་བྱེད་ལ་གདམ་གསེས་དང་ལས་སྣོན་མང་དག་ཅིག་བགྱིས་ཤིང་དབྱངས་འགྲོས་འཕེལ་འགྲིབ་ཀྱི་ཡན་ལག་སོགས་ཀྱང་རང་ཉིད་ཀྱི་སེམས་བྱུང་ངར་ཁ་ནས་ཐོན་པའི་ན་ཟུག་གི་འཕེལ་སྟངས་ལྟར་འོས་འཚམས་ཤིག་ཏུ་ཐོན་ཡོད་པ་འདིས་སྙན་ངག་ལ་མ་གཞི་ནས་རང་བཞིན་གྱིས་བྱུང་བའི་དབྱངས་འགྲོས་དེ་ཡོད་པར་འདོད་དོ།།
                
ཀློགས་གྲངས། 2209 ..
ནང་འཛུལ་བྱས་ཏེ་ཀློག་མཆན་སྤེལ།