གསར་སྤེལ་ཟིན་བྲིས།

གཟའ་མིག་དམར།, 29 /04/ 2014 20:57

སེམས་ཀྱི་ཉི་གུར་གངས་རིའི་མགུལ་དུ་དཔྱངས་པ།

ཟིན་བྲིས་པ། 
ཀློག་པ་པོས་རྩོམ་ཡིག་ལེགས་འདེམས་བྱེད་གནས།
(0 འོས་གྲངས།)
སེམས་ཀྱི་ཉི་གུར་གངས་རིའི་མགུལ་དུ་དཔྱངས་པ།
ལྷ་རྒྱལ་ཚེ་རིང་གི་སྙན་ངག་༼སྐྱ་རེངས་ལྷ་མོའི་འབོད་བརྡའ་བཀླགས་པ།༽
༡ གཟབ་ནན་གྱི་རྟོག་པས་སྒུལ་བའི་སྙན་ངག་གི་ཁམས།
སྙན་ངག་ནི་ཤུགས་དྲག་པའི་བརྩེ་དུང་གི་རང་བྱུང་བཞུར་རྒྱུན་ཞིག་ཏེ་ལྷིང་འཇགས་ཀྱི་ཕྱིར་དྲན་ནང་སིམ་ཡོད་༼ཧྭ་ཚི་ཧྭ་སི༽་ཞེས་པ་ནང་བཞིན༼སྐྱ་རེངས་ལྷ་མོའི་འབོད་བརྡའ༽་ནི་སྙན་ངག་པས་བརྩེ་གདུང་གི་ནེམ་ཤ་འཁྱུག་པའི་དྭངས་གཙང་གི་ཞིང་ཁམས་སུ་བཏབ་པའི་གཟབ་ནན་དེ་ཡིན་ལ།མིག་གིས་མི་ཟིན་པའི་ཕྱི་ནང་གསང་གསུམ་མཐའ་དག་རྟོག་པའི་སྐྱེས་སུ་དྲངས་ཤིང་ཞོགས་པ་བསུ་བའི་སྐྱ་རེངས་ཀྱི་འབོད་བརྡ་བར་མེད་འཁྲོལ་བ་ནི་བདེན་དགེ་མཛེས་གསུམ་གཅུད་པའི་སྙན་ངག་གི་ཁམས་ཡངས་པོ་དེ་ཡིན་ཕྱིན།གསོན་ཉམས་ཀྱི་དབུགས་རྒྱུན་ལྷོག་ལྷོག་གདུ་བའི་ཡིད་བརྙན་གངས་རི་དང་གཙང་ཆབ་སོགས་བླ་སྲོག་གི་རྒྱུད་སྐུད་དུ་བསྟར་ནས་སྙན་འཇེབས་ཀྱི་དབྱངས་རྟ་མི་སེམས་ཀྱི་ཟབ་སར་སྒྲོག་བཞིན་གུ་ཡངས་དང་བཟོད་སྒོམ་མ་ལུས་དམར་སེར་མེ་ལ་སྒྲོན་ཞིང་ཡིད་དམ་ཚེ་རིང་ལྟ་བུའི་སྙན་ངག་མཁན་པོའི་ཡིད་ཀྱི་གཟབ་ནན་དེ་ཕྱིར་དབྱུང་བ་ནི་ལྷིང་འཇགས་སུ་འཕངས་པའི་རྣ་བའི་བུ་ག་དཀྲོགས་བྱེད་ཀྱི་འུར་ཆ་དེ་ཡིན་ལ།ཇི་ལྟར་མཐོང་སྲིད་མཐའ་དག་ཞབས་ཀྱིས་གཅོག་གིན་སྐྱོ་ཡུས་ཀྱི་ཚེར་མའི་ཕང་ཕུང་ལ་གདོང་གཏད་ཐུབ་པ་བྱུང་བས་སྙན་ངག་པ་ཁོ་བོ་ནི་བློ་སྤོབས་ཅན་ཞིག་དང་ཀུན་སྤྱོད་ཀྱི་མཐོ་སར་འགྲེང་བའི་མི་བུ་རང་ཚུགས་ཅན་ཞིག་ཡིན་པའང་ཞར་ལ་རྟོགས་ཐུབ།
རྩོམ་རིག་གིས་འབྱུང་སྲིད་ཀྱི་ཆོས་ཉིད་ཞིབ་འབྲི་བྱ་བ་ནི་དངོས་ཡོད་འཇིག་རྟེན་གྱི་རྣམ་
པ་དང་སྣང་ཚུལ་ལ་ལད་ཟློས་བྱས་སྣང་ཚུལ་གྱི་རྒྱབ་ཏུ་ཡིབ་པའི་ཡོངས་ཁྱབ་ཆོས་ཉིད་དང་ངོ་བོ་མཚོན་པ་དེ་ཡིན་པས་ན།སྙན་ངག་གི་ཁམས་ལ་མངའ་དབང་བསྒྱུར་བ་ཁོ་བོའི་འགུལ་སྟངས་རེ་རེར་སྙན་ངག་རྟོག་གཞིགས་སིམ་ཡོད་པ་དང་སྙན་ངག་དང་ངོ་བོ་གཅིག་ཏུ་བསྟིམ་པའི་སེམས་རྩ་མཉེན་མོ་ཞིག་ངང་གིས་མཐོང་ཐུབ་པ་ནི་སྒྱུ་རྩལ་བསམ་བཀོད་ཀྱི་ཡང་སྙིང་དེའོ།།
༢ ཡ་སྒྲའི་འཆར་ཡན་རང་བཞིན་དང་སྐུལ་ཚིག་གི་བློ་སྤོབས།
བརྩེ་གདུང་དང་སྐད་ཆའི་འབྲེལ་བ་ནེམ་ཤ་ཅན་དེ་ནི་བརྗོད་པའི་སྟེང་ནས་མངོན་ཡོད་དེ།ཡི་གེ་འདྲའང་བརྗོད་པ་གཏན་ནས་མི་འདྲ་བ་ཡོང་གིན་ཡོད་ལ་དེ་ནི་བརྩེ་གདུང་དང་སྐད་ཆ་གཉིས་པོ་ལ་རག་ལས་ཕྱིར།སྙན་ངག་གསར་རྩོམ་གང་ཡིན་ནའང་ཐོག་མའི་བརྩེ་གདུང་མཚོན་བྱེད་ཀྱི་ཡིད་བརྙན།སྐད་ཆ་སོགས་གོང་བུ་གཅིག་ཏུ་སྒྲིལ་ན་ད་གཟོད་སྒྱུ་རྩལ་བྱ་འགུལ་མངོན་པར་མཚོན་ཐུབ་པ་ནང་བཞིན།
བརྩེ་གདུང + ཡིད་བརྙན + སྐད་ཆ = མངོན་མཚོན ༼རྒྱུད་བསྒྲགས = སྒྱུ་རྩལ་བྱ་འགུལ༽
སྙན་ངག་པས་རྗོད་བྱེད་ཀྱི་སྐད་ཆར་ཁྱད་འཕགས་ནུས་པ་རྒོད་པའི་ཐ་སྙད་ཚོགས་མཛུབ་གུའི་སྤོ་དང་བསམ་པའི་བཅུད་དུ་བཏེགས་ནས་ངམ་ནག་མཚན་མོའི་ཀློང་གི་བྱིང་རྨུགས་གཞོམ་པའི་གསང་མཐོའི་གླུ་དབྱངས་ཤུགས་ཀྱིས་ལེན་པ་ནི་སྒྱུ་རྩལ་ལ་བཟུང་བའི་རྣམ་འགྱུར་ཡིན་ཕྱིན།ཚིག་རྐང་འགའ་ཤས་ཀྱི་མཇུག་ཏུ་༼ཡ༽་སྒྲ་ལྷོད་གཡེང་གིས་དབྱུང་བཞིན་འཆར་ཡན་གྱི་ཆ་ལག་གི་མེ་རུ་སྦར་བར་བྱེད་པ་ནི་བསམ་གཞིགས་ཀྱི་ཀློང་སྣེར་བཏེགས་པའི་སྒྱུ་རྩལ་གྱི་མཚོན་སྟོབས་གཞན་ཞིག་ཡིན།གཞན་ཡང་ཚིག་རྐང་ལ་ཤས་ཀྱི་སྐུལ་ཚིག་སྦྱར་བ་ནི་གསོན་དུང་དུང་གི་བགྲོད་ལམ་གསར་བ་ཞིག་རྡོག་སྣེར་བརྫི་བའི་ཐོག་མའི་སྟ་གོན་དང་། ང་ཡང་སྦར་གྱིན་འདུག་ལ་ཁྱོད
་ཀྱང་དེ་ལམ་དུ་ཞུགས་དགོས་པའི་འབོད་སྐུལ་གྱི་དུང་བརྡ་ཞིག་ཀྱང་ཡིན་སྙམ་མོ།།
ཀློགས་གྲངས། 2038 ..
ནང་འཛུལ་བྱས་ཏེ་ཀློག་མཆན་སྤེལ།