གསར་སྤེལ་ཟིན་བྲིས།

གཟའ་ཕུར་བུ།, 08 /05/ 2014 10:07

གྲོས་མཐུན་དོན་ཚན་བཅུ་བདུན་གྱི་སྐོར་ལ་དཔྱད་པ།

ཟིན་བྲིས་པ། 
ཀློག་པ་པོས་རྩོམ་ཡིག་ལེགས་འདེམས་བྱེད་གནས།
(0 འོས་གྲངས།)
གྲོས་མཐུན་དོན་ཚན་བཅུ་བདུན་གྱི་སྐོར་ལ་དཔྱད་པ།

ཕྱོགས་ཡོངས་ནས་བཤད་པ།
མི་རིགས་ཤིག་གི་གཉན་འཕྲང་གི་ལོ་རབས་དང་ལོ་རྒྱུས་ཀྱི་དཀྱོགས་མཚམས་ཤིག་ནས་འུ་ཐུག་ཅིང་ཐབས་ཟད་དེ་རྒྱ་ནག་གི་བཙན་དབང་དང་གནོན་ཤུགས་ཇི་ལྟར་ལྕི་ན་ཡང་། མདུན་ཅོག་གཅིག་གི་སྟེང་ནས་སེམས་པ་ཁོང་ཁྲོས་འཚིག་ཀྱང་ལུས་ལ་རང་དབང་མེད་པར་པེ་ཅིན་ནས་སྔ་ས་ནས་གྲ་སྒྲིག་བྱས་ཡོད་པའི་གྲོས་ཆོད་ཅིག་ལ་གྲོས་མཐུན་ཞེས་པའི་མིང་ཞིག་གཡར་ནས་མཚན་རྟགས་རྒྱག་དགོས་བྱུང་།
དྲང་མོར་བཤད་ན། དེ་ནི་བཙན་དབང་བཙན་ཤེད་ཀྱི་གྲོས་ཆོད་ཅིག་ཡིན་པ་ལས། ཕྱོགས་གཉིས་ཀ་མོས་མཐུན་དང་དང་ལེན་ཡོད་པའི་གྲོས་ཆོད་ཅིག་རྩ་ནས་མིན། རྒྱལ་སྤྱིའི་འགྲོ་ལུགས་དང་ལུགས་མཐུན་གྱི་གནས་ལུགས་ལྟར་ན་རྒྱལ་ཁབ་བྱེ་བྲག་པ་གཉིས་ཀྱི་བར་ལ་གྲོས་ཆོད་འཇོག་དུས། ཕྱོགས་གཉིས་ཀར་མོས་མཐུན་གྱི་བསམ་བློ་དང་།གྲོས་བསྡུར་དང་བགྲོ་གླེང་གི་རྣམ་པ། གསལ་བཤད་དང་ཕྱི་གསལ་ནང་གསལ་གྱི་ཆ་ཡོད་དགོས་ཀྱང་རྒྱ་གཞུང་གིས་ཕྱོགས་གཅིག་ནས་གྲོས་མཐུན་ཞེས་ཚིག་སྙན་པོ་ཞིག་གི་ཕྱིའི་རྣམ་པ་ཙམ་བསྟན་ཡང་ཕྱོགས་གཞན་ཞིག་ནས་དྲག་པོའི་མཚོན་དང་སྟོབས་ཆེན་དམག་གིས་འཇིགས་སྐུལ་དང་བཙན་ཚུགས་ཀྱི་རྣམ་པ་མངོན་པ་དམར་རྗེན་རེད།
པེ་ཅིན་དུ་གྲོས་མཐུན་དོན་ཚན་བཅུ་བདུན་ལ་བསྐྱོད་པའི་བོད་ཀྱི་སྐུ་ཚབ་ཀྱི་གཙོ་འགན་པ་ང་ཕོད་ངག་དབང་འཇིགས་མེད་ཀྱིས་རྒྱ་ནག་གི་བསམ་ཚུལ་ལ་མཐའ་གཅིག་ཏུ་དགག་པ་དང་རྒྱབ་འགལ་དུ་ལངས་ནས་གནས་ཚུལ་མང་པོ་ཞིག་ཐག་གིས་མ་ཆོད་དུས། རྒྱ་ནག་གི་སྐུ་ཚབ་རླིས་འུས་ཧན་ཁོང་ཁྲོ་ལངས་ཏེ་༼གལ་ཏེ་འདི་ཁྱེད་ཅག་ལ་བྱུང་བའི་སེམས་ཚོར་ཡིན་ན། ཁྱེད་ཚོ་ཚང་མས་སོ་སོའི་ཉལ་ཆས་བསྡུ་གསོག་བརྒྱབ་སྟེ། རང་ཡུལ་དུ་ལོག་ན་འགྲིག་ཅེས་བཤད། དཀའ་རྙོག་ནི་མི་དམངས་བཅིངས་འགྲོལ་དམག་གིས་བོད་དྲག་པོས་བཅིངས་འགྲོལ་གཏོང་རྒྱུ་དེ་ཡིན་པ་ན་ཨ་ཅང་བརྗོད་མེད་རེད།[1]ཅེས་བརྗོད་པར་ཞིབ་ཏུ་བསམས་ཚེ་དེ་ནི་གྲོས་མཐུན་ཞིག་ཏུ་རྩ་ནས་བརྩི་མི་ཆོག་ལ། དེ་ནི་རྒྱ་ནག་གིས་རང་གི་ཧམ་སེམས་དང་འདོད་འདུན་སྐོང་ཆེད་དུ་མ་ཟད། རྒྱལ་སྤྱིའི་སྒང་ནས་རང་ཉིད་ཆེ་མཐོང་དང་མཚན་སྙན་ཡང་བརླག་མ་འདོད་པར། འཛམ་གླིང་གི་མི་ཕལ་བས་བལྟས་ན་རྒྱ་ནག་གིས་བོད་ལ་ཞི་བའི་བཅིངས་འགྲོལ་དང་ཕན་ཚུན་གཉིས་མོས་ཀྱི་ཞི་བའི་གྲོས་ཆོད་བཞག་པ་མ་གཏོགས། བཙན་དབང་དང་གོ་མཚོན་གྱི་ཞེད་སྣང་བཀོལ་ནས་མཚན་རྟགས་རྒྱག་ཏུ་བཅུག་པ་མིན་པ་གསལ་པོར་ར་སྤྲོད་བྱས་ནས། གང་ལྟར། ལུག་བསད་ཀྱང་ཁྲག་ལག་པར་འགོས་སུ་མ་བཅུག་པའི་ངན་ཇུས་ཁོག་ཏུ་སྦས་ཡོད།


བོད་ཀྱི་སྐུ་ཚབ་རྣམ་པ་ལྔ་ལ་བཙན་ཚུགས་དང་གནས་སྐབས་ཙམ་གྱི་མགོ་རྨོངས་སུ་བཅུག་ནས་གྲོས་ཆོད་ཀྱི་དོན་ཚན་མཐའ་དག་ལ་དང་ལེན་བྱེད་དུ་བཅུག་ཀྱང་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དོན་གྱི་བདག་པོ་སྐབས་དེར་གྲོ་མོ་རུ་ཉེན་གཡོལ་དུ་ཕེབས་ཡོད་པས། ཀྲུང་དབྱང་ནས་འཕྲལ་དུ་ཀྲང་ཅི་ཝེས་མཁའ་ལམ་བརྒྱུད་ནས་ཏཱ་ལའི་བླ་མར་གྲོས་མཐུན་བཅུ་བདུན་ལ་མཚན་རྟགས་འགོད་དུ་སོང་། སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ནས་གྲོས་མཐུན་དོན་ཚན་བཅུ་བདུན་ལ་མཚན་རྟགས་བརྒྱབ་པའི་གནས་ཚུལ་དེ་ཉིན་བཞི་ཡི་རྗེས་ནས་རླུང་འཕྲིན་བརྒྱུད་ནས་ཐོས་པ་དང་།ཀྲང་ཅི་ཝེ་གྲོ་མོར་འབྱོར་ཡང་སྐུ་མདུན་ནས་གནས་དོན་དེ་བཀའ་ཤག་དང་ལྷན་དུ་གྲོས་བསྡུར་གནང་དགོས་རབ་བརྗོད་ནས།ཀྲང་ཅི་ཝེ་ནས་ཉིན་འགའ་སྒུག་ཀྱང་གྲུབ་འབྲས་ཐོན་མེད་པས།ཁོང་སྔོན་དུ་ལྷ་སར་ཆས། ༸གོང་ས་མཆོག་ནས་གྲོས་མཐུན་དེ་ལ་མོས་མཐུན་དང་རྒྱབ་སྐྱོར་མེད་པས། ཟླ་བ་ལྔ་ཡི་རྗེས་ནས་གཞི་ནས་མཚན་རྟགས་བརྒྱབ་ནས་ཁས་ལེན་བྱས།

དང་པོ། དོན་ཚན་བཅུ་བདུན་ལ་བོད་རྒྱའི་སྐུ་ཚབ་བར་གྱི་འགལ་འདུ།

འདས་པའི་ལོ་རྒྱུས་ལ་ཕྱིར་བལྟས་དང་ཕྱིར་རྟོག ལྷག་པར་དུ་གྲོས་མཐུན་དོན་ཚན་བཅུ་བདུན་འཇོག་སྐབས་ཀྱི་གནས་སྟངས་དང་གནས་བབ་ལ་གཞིགས་ཚེ། གྲོས་ཆོད་དེ་ནི་རྒྱ་དམག་གིས་ཆབ་མདོ་བཙན་བཟུང་བྱས་པའི་རྗེས་སུ་རིམ་གྱིས་བོད་དབུས་གཞུང་ལ་འཇིགས་སྐུལ་དང་ཞེད་སྣང་བཀོལ་ནས་འུ་ཐུག་ཐབས་ཟད་དུ་གྱུར་ནས་འདེམས་ཀ་མེད་པའི་གནས་སྟངས་ཤིག་གི་འོག་ནས་ས་ཡིག་རྒྱག་ཏུ་བཅུག་པའི་ཆིངས་ཡིག་ཅིག་ཡིན་པ་ལས།དོན་དམ་དུ་ཕྱོགས་གཉིས་ཀས་མོས་མཐུན་གྱིས་བཞག་པའི་གྲོས་ཆོད་ཅིག་མིན་པས།དེ་ལ་གྲོས་མཐུན་ཞེས་རྩ་ནས་འབོད་ཐབས་བྲལ། གྲོས་མཐུན་འཇོག་སྟངས་ཀྱི་གནས་བབ་དེ་རྒྱལ་སྤྱིའི་ཁྲིམས་དང་ཡོངས་སུ་འགལ་བ་ཞིག་ཆགས་ཡོད་པ་ནི། ཆིངས་ཡིག་ཐད་ཀྱི་ཁྲིམས་ཡིག་ལྟར་ན་རྒྱལ་སྤྱིའི་གྲོས་མཐུན་ཁག་ལ་ཁྱབ་པའི་ཁྲིམས་ལུགས་ནི། ཆིངས་དོན་གྱི་འགན་འཁུར་ཁག་རྨང་གཞི་ཆིངས་ཡིག་འཇོག་མཁན་ཕན་ཚུན་ཚང་མས་རང་དབང་དང་མོས་མཐུན་ཡོད་པར་ཡོངས་ཁྱབ་ཏུ་ངོས་འཛིན་བྱས་པའི་རྩ་འཛིན་དེ་གཞི་རྩར་འཛིན་དགོས་ཤིང་། ཁྲིམས་མཐུན་དུ་བརྩི་ཆོག་མིན་གྱི་མེད་དུ་མི་རུང་བའི་ཆ་རྐྱེན་ཡང་རང་དབང་གི་སྒོ་ནས་མོས་མཐུན་ཡོད་དགོས་པ་དེ་ཡིན་པ་ལས། དཔུང་ཤུགས་དང་འཇིགས་སྐུལ་བའི་མེ་མདའི་འོག་བཙན་འཇོག་བྱས་པའི་གྲོས་མཐུན་ལ་ཁྲིམས་ཀྱི་ནུས་པ་རྩ་བ་ནས་མེད་ལ། ལྷག་པར་ཆིངས་ཡིག་འཇོག་མཁན་སྐུ་ཚབ་ཙམ་དུ་མ་ཟད། རྒྱལ་ཁབ་དང་དེའི་མི་རིགས་ཀྱི་བདེ་འཇགས་ལ་འཇིགས་སྐུལ་དང་དཔུང་ཤུགས་བེད་སྤྱད་ནས་བཞག་པའི་ཆིངས་ཡིག་ལ་ཁྲིམས་ཀྱི་ནུས་པ་དེ་བས་ཀྱང་མེད།
གྲོས་ཆོད་དོན་ཚན་བཅུ་བདུན་ལ་གྲོས་བསྡུར་དང་དཔྱད་ཞིབ་གནང་པའི་དུས་སུ་བོད་ཕྱོགས་ཀྱི་སྐུ་ཚབ་དང་ཀྲུང་དབྱང་གི་སྐུ་ཚབ་དབར་ལ་འགལ་འདུ་དང་རྩོད་རྙོག་མང་པོ་ཤོར་ཡོད་ལ།གྲོས་བསྡུར་འདི་ནི་ཐོག་མ་ཉིད་ནས་དཀའ་ཚེགས་ཅན་ཞིག་ཡིན་པ་སྨོས་མ་དགོས་ལ།དེའི་རྒྱུ་མཚན་ནི་ཕྱོགས་གཉིས་ཀར་འདས་པའི་ལོ་རྒྱུས་ལ་གོ་བ་ལེན་སྟངས་རྦད་དེ་མི་འདྲ་བ་རེ་ཡོད་པས་ཡིན་ཞིང་།དེ་འདྲའི་མི་འདྲ་བའི་ཐོག་ནས་ཐོག་མར་སྐད་ཡིག་གི་ཐོག་ནས་མངོན་པར་གྱུར། དཔེར་ན། བོད་དང་རྒྱ་ནག་གི་ཐ་སྙད་སྤྱོད་ཕྱོགས་ལ་མི་མཐུན་པ་བྱུང་བ་སྟེ།བོད་ཀྱི་སྐུ་ཚབ་ཚོས་བོད་གཞུང་དང་རྒྱ་གཞུང་ཞེས་ཐ་སྙད་བཀོལ་སྤྱོད་བྱས་ཀྱང་།དེས་ཆབ་སྲིད་ཀྱི་དབང་ཚད་འདྲ་མཉམ་ཡིན་པའི་གོང་བུ་གཉིས་སྟོན་གྱི་ཡོད། རྒྱ་མིའི་སྐུ་ཚབ་ཚོས་དབུས་གཞུང་དང་ས་གནས་སྲིད་གཞུང་ཞེས་པའི་ཐ་སྙད་བེད་སྤྱོད་བྱེད་ཀྱི་ཡོད།རྒྱུ་མཚན།བོད་དེ་རྒྱ་ནག་གི་གཞི་རྒྱ་ཆེ་བའི་གོང་བུ་གཅིག་གྱུར་གྱི་ཆ་ཤས་ཤིག་ཡིན་པར་ངོས་འཛིན་བྱེད་པས་རེད།[2]༽འདི་ལྟར་རྒྱ་ནག་གིས་འདས་པའི་ལོ་རྒྱུས་ལ་འཁྱོག་བཤད་དང་ཧམ་བཤད།དོན་དངོས་དང་བདེན་ལུགས་ཀྱི་
ས་མཚམས་ལས་བརྒལ་བའི་གཏམ་བསམ་མེད་དུ་སྨྲ་བ་ནི་གཉོམ་ཆུང་ཐུབ་ཚོད་དང་གཉའ་གནོན་བྱས་པའི་རྟགས་མཚན་དམར་རྗེན་རང་རེད།
བོད་ནི་རྒྱ་ནག་གི་ཧམ་བཤད་ལྟར་གདོད་མ་ནས་རྒྱ་ནག་གི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྱིམ་ཚང་ཆེན་མོའི་ཆ་ཤས་ཤིག་ཡིན་པའི་དབང་དུ་བཏང་ན། བོད་དང་རྒྱ་ནག་ཅེས་རྒྱལ་ཁབ་སོ་སོ་ཞེས་ལོོགས་སུ་ཕྱེ་དགོས་དོན་མེད་ལ། རྒྱ་ནག་དང་བོད་གཉིས་དབར་ལ་ཆིངས་ཡིག་དང་གྲོས་ཆོད་འཇོག་དགོས་དོན་གང་ཡང་མེད། རྒྱུ་མཚན། རྒྱལ་ཁབ་ནང་ཁུལ་དུ་གྲོས་ཆོད་འཇོག་དོན་མེད་ལ་འཇོག་པའི་སྲོལ་ཀྱང་ད་ལྟའི་བར་མེད་པས་སོ། བོད་གཞུང་དང་རྒྱ་གཞུང་ཞེས་གྲོས་ཆོད་འཇོག་དགོས་དོན་འདི་ཡང་།བོད་ནི་རྒྱ་ནག་གི་ཆ་ཤས་མིན་ལ། རང་རྐྱ་འཕེར་བའི་རྒྱལ་ཁབ་ཅིག་ཡིན་པའི་ངོ་བོ་མཚོན་གྱི་ཡོད། དབུས་གཞུང་དང་ས་གནས་སྲིད་གཞུང་ཞེས་རྒྱ་གཞུང་གིས་ཐ་སྙད་སྤྱོད་ཚུལ་འདི་ནི་གླེན་རྟགས་ཁོ་ན་ཙམ་དུ་ཟད་དོ།།
གྲོས་ཆོད་སྐབས་གཞན་ཡང་རྒྱ་ནག་གིས་བོད་ཁུལ་དུ་བཅིངས་འགྲོལ་དམག་བཏང་ནས་མེས་རྒྱལ་གྱི་ས་མཚམས་བརྟན་སྲུང་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་དོ་དམ་ནན་པོ་བྱེད་རྒྱུ་ཡིན་ཞེས་ཟེར་བར། བོད་གཞུང་གི་སྐུ་ཚབ་ཚོས་དེ་ལ་མོས་མཐུན་གཏན་ནས་མ་བྱས་པར་མ་ཟད། ད་ལྟའི་ཆར་བོད་ལ་བཙན་རྒྱལ་རིང་ལུགས་པས་བཙན་འཛུལ་དང་ཚུར་རྒོལ་གང་ཡང་མེད་ལ། གལ་སྲིད། ཕྱི་ཕྱོགས་ནས་བཙན་རྒྱལ་རིང་ལུགས་པས་འཇབ་རྒོལ་དང་རྒོལ་རྡུང་བྱས་ཚེ་ཀྲུང་དབྱང་ལ་སྙན་སེང་ཞུ་ནས་རོགས་སྐྱོར་བྱེད་པར་བརྡ་གཏོང་ཆོག་ཟེར་བར། དེའི་སྐོར་ལ་ཕྱོགས་གཉིས་ཀྱི་སྐུ་ཚབ་བར་ལ་རྩོད་རྙོག་མང་པོ་ཤོར་ཡོད་ལ།དོན་དངོས་སུ་བོད་ནང་དུ་རྒྱ་གཞུང་ནས་དམག་དཔུང་གཏོང་རྒྱུ་དེ་ནི་སྔ་ས་ནས་གཏན་ཁེལ་བྱས་པའི་ཐག་གཅོད་ཅིག་ཡིན་ལ། རྒྱ་གཞུང་ནས་བོད་ནང་དུ་དམག་དཔུང་བཅའ་སྡོད་བྱེད་པར་གཏོང་རྒྱུ་གཏན་ཁེལ་ཅིང་།དེ་ལ་བོད་ཀྱི་སྐུ་ཚབ་ཚོས་རྩོད་གླེང་དྲག་ལ་རིང་བ་ཞིག་བྱས།ཡིན་ན་ཡང་།མཐའ་མ་ཞི་གྲོས་འཐོར་ཞིག་ཏུ་གཏོང་རྒྱུ་དང་།མི་དམངས་བཅིངས་འགྲོལ་དམག་གིས་ཕར་རྒོལ་བྱ་རྒྱུའི་སྡིགས་རའི་འོག་ཁས་ལེན་མི་བྱེད་ཀ་མེད་བྱུང་།
གནད་དོན་གཞན་ཞིག་ལ་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་ཐད་ལ་རྒྱ་གཞུང་ནས་སྤྱི་ལོ་ ༡༩༥༡ ལོའི་ཟླ ༥ ཚེས ༡ ཉིན་གནམ་བདེ་སྒོ་མོ་ཆེའི་སྡིངས་ཆའི་ཏོག་གདན་འདྲེན་ཞུ་སྐབས། པེ་ཅིན་དུ་ཡོད་པའི་བོད་ཀྱི་སྐུ་ཚབ་རྣམས་ཀྱང་རྟེན་འབྲེལ་གྱི་མཛད་སྒོར་ཞུགས།བོད་གཞུང་གི་ཕྱོགས་ནས་པཎ་ཆེན་རིན་པོ་ཆེར་གཞུང་འབྲེལ་གྱིས་ངོས་འཛིན་གནང་མེད་སྟབས། ང་ཕོད་དང་བོད་མི་ལས་བྱེད་ཚོས་པཎ་ཆེན་རིན་པོ་ཆེར་གཞུང་འབྲེལ་ཐོག་ནས་མཇལ་ཁ་ཞུ་རྒྱུར་མོས་མཐུན་བྱས་མེད།དེ་ཉིན་ང་ཕོད་ཀྱིས་མའོ་ལ་མཇལ་དར་ཞིག་ཕུལ་ཀྱང་པཎ་ཆེན་རིན་པོ་ཆེར་ཕུལ་མེད།དེ་པྱོགས་ལ་ཀྲུང་དབྱང་སྐུ་ཚབ་ཚོས་ཨུ་ཚུགས་མཐའ་སྐྱེལ་བྱས་པ་དང་།བོད་གཞུང་ནས་ངེས་པར་དུ་པཎ་ཆེན་རིན་པོ་ཆེ་ལ་ཡང་སྲིད་ངོས་འཛིན་དང་གདན་ས་བཀྲ་ཤིས་ལྷུན་པོར་གསེར་ཁྲི་མངའ་གསོལ་གནང་དགོས།བོད་གཞུང་གི་སྐུ་ཚབ་ཚོས་ཡང་སྲིད་ཐག་གཅོད་བྱེད་པའི་དབང་ཚད་ནི་བོད་མའི་བླ་ན་མེད་པའི་སྐྱབས་མགོན་ཏཱ་ལའི་བླ་མར་མ་གཏོགས་མེད་ཚུལ་བརྗོད་ཀྱང་རྒྱ་གཞུང་གི་འདོད་པ་ལྟར་མ་བྱས་ན་གྲོས་ཁ་ལས་སླ་པོ་ཞིག་ཡོང་ཐབས་མེད་ལ། རྒྱ་གཞུང་གི་སྐུ་ཚབ་ཚོས་དེ་ལྟར་ཁས་ལེན་མ་བྱས་ཚེ་གྲོས་མོལ་མུ་མཐུད་ནས་འགྲོ་ཐབས་མེད་ལུགས་བཤད།གང་ལྟར།ཨུ་ཚུགས་དང་བཙན་ཚུགས་སོགས་ཀྱི་བོད་གཞུང་གི་སྐུ་ཚབ་ཚོས་རྒྱལ་པཎ་ཟུང་གི་དབང་ཚད་དེ་བོད་ཀྱི་སྲོལ་རྒྱུན་གྱི་འགྲོ་ལུགས་ལྟར་རང་འཇགས་སུ་གནས་རྒྱུའི་ཐོག་ནས་ཁས་ལེན་བྱས།
གྲོས་ཆོད་འཇོག་སྐབས་ཀྱི་རྩོད་རྙོག་ཆེ་ཤོས་ནི་རྒྱ་གཞུང་གིས་བོད་ནང་དུ་དམག་སྲིད་ཨུ་ཡོན་ལྷན་ཁང་འཛུགས་རྒྱུའི་སྐོར་ལ་ཡིན།དོན་ཚན་དེ་ནི་ཅུང་རྙོག་འཛིང་ཆེ་ལ་ཐལ་དྲགས་པའི་རྐྱེན་གྱིས་རྒྱ་གཞུང་སྐུ་ཚབ་རླིང་འུས་ཧན་གྱིས་ཉིན་གསུམ་རིང་བསམ་གཞིག་དང་ཐག་གཅོད་བྱེད་པའི་གོ་སྐབས་སྤྲད་ན་ཡང་།བོད་ཀྱི་སྐུ་ཚབ་ཚོས་གནས་ཚུལ་དེའི་སྐོར་ལ་ཞིབ་ཕྲ་ཐོས་སྐབས་ཡ་མཚན་ཞིང་ཁོང་ཁྲོ་གཏིང་ནས་ལངས་བར་གྱུར།བོད་ནང་དམག་སྲིད་ཨུ་ཡོན་ལྷན་ཁང་བཙུགས་ཏེ་ལས་དོན་བསྒྲུབ་རྒྱུའི་བསམ་ཚུལ་ནི།སྲོལ་རྒྱུན་བོད་གཞུང་གི་བླ་ན་མེད་པའི་དབང་ཚད་ཉམས་རྒུད་དུ་གཏོང་བྱེད་ལྟ་བུར་མཐོང་བས་རེད།དེའི་སྐོར་ལ་བོད་ཀྱི་སྐུ་ཚབ་པ་ཁེ་སྨད་ཀྱིས་བྱེད་སྟངས་འདི་ཚོ་ཁྱད་མཚར་རེད།སྐད་ཆར་རྫོགས་རྒྱུ་རྩ་ནས་མི་འདུག།།འདི་འདྲ་ཡག་པོ་མི་འདུག་ཅེས་ཚིག་ལབ་རྒྱག་པ་འབའ་བས་གོ་སོང་ཞེས་བོད་མི་གསར་བརྗེ་བ་ཞིག་ཅེས་དེབ་ཏུ་གསལ།དམག་སྲིད་ཨུ་ཡོན་ལྷན་ཁང་བོད་ནང་དུ་འཛུགས་རྒྱུའི་སྐོར་ལ་ཕུན་དབང་གིས་བོད་ཀྱི་སྐུ་ཚབ་ཚོར་རྒྱ་གཞུང་གི་བྱེད་སྟངས་དེ་ཡག་རབ་རྒྱན་རབ་བཤད་ནས་མཐའ་མར་ཁས་ལེན་བྱེད་དུ་བཅུག།།
དེ་ལྟར་དོན་ཚན་བཅུ་བདུན་འཇོག་པའི་སྐབས་སུ་རྒྱ་གཞུང་གིས་བདེན་པ་བརྩི་མེད་དང་བོད་ཀྱི་སྐུ་ཚབ་ཚོར་འཇིགས་སྣང་དང་དྲག་པོའི་ཤུགས་ཀྱིས་བོད་མི་རིགས་ཀྱི་དབང་ཚད་ཉམས་དམས་སུ་འགྲོ་བའི་སྣང་ཚུལ་དང་གནས་སྟངས་ལ་བོད་ཀྱི་སྐུ་ཚབ་ཚོས་སེམས་ནས་མ་བཟོད་པར་རྒྱ་ནག་གི་སྐུ་ཚབ་དང་མཉམ་དུ་ཁ་རྩོད་ཤོར་ཞིང་ཁོང་ཁྲོའི་རྣམ་པ་ཡང་བསྟུད་མར་བསྟན་དགོས་བྱུང་། འདི་དག་གིས་བོད་ཕྱོགས་ནས་རྒྱ་ནག་སྔུན་ནས་གྲ་སྒྲིག་ཡོད་པའི་གྲོས་ཆོད་ཀྱི་མ་ཡིག་ལ་ངོས་ལེན་དང་མོས་མཐུན་མེད་པ་གསལ་བོར་བསྟན་ཡོད།


གཉིས་པ། དོན་ཚན་བཅུ་བདུན་ལ་བོད་གཞུང་ཕྱོགས་ནས་ངོས་ལེན་མེད་ཚུལ།
གྲོས་མཐུན་དེ་བཞག་སྟེ་ཉིན་བཞི་སོང་བའི་མཚམས་ཏེ་ཕྱི་ལོ་ ༡༩༥༡ ལོའི་ཟླ་ ༥ ཚེས་ ༢༧ ཉིན་གཞི་ནས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དང་བོད་གཞུང་གིས་པེ་ཅིང་གི་རླུང་འཕྲིན་ཁང་ནང་ང་ཕོད་ཀྱི་དྲིལ་བསྒྲགས་བྱས་པ་ཞིག་ནས་ང་ཚོར་ཐོག་མར་གོ་ཐོས་ཤེས་རྟོགས་བྱུང་སྟེ་ཧ་ལས་བྱུང་།གྲོས་མཐུན་དེའི་ནང་རྒྱ་མི་གུང་ཁྲན་གྱི་དྲིལ་བསྒྲགས་མང་པོ་བཅུག་པ་དང་།དོན་གནད་ཁ་ཤས་རྩ་་བ་ནས་བདེན་པ་མ་རེད།འགའ་ཤས་ཆ་ཚང་བདེན་འབྲེལ་མིན་པ་བཀོད་ཡོད་པ་མ་ཟད།དོན་ཚན་དེ་ཚོའི་ནང་ང་ཚོའི་བསམ་ཚུལ་ལས་སྡུག་པ་དང་།བཙན་གནོན་ཆེ་བ་འདུག།།[3] བོད་རྒྱ་ནག་གི་ཆ་ཤས་ཡིན་པ་གཞིར་རྩར་བཟུང་སྟེ་བཞག་པའི་གྲོས་མཐུན་དེ་ནི་བདེན་འབྲེལ་ནམ་ཡང་མིན།ཁོང་ཚོ་གཞན་གྱི་དབང་འཛིན་འོག་མ་ཚུད་ན་ང་དང་།ངའི་གཞུང་ལ་གྲོས་བསྡུར་མ་བྱས་པར་ཁས་ལེན་འདི་ལྟར་བྱེད་མི་སྲིད།ང་ཕོད་ནི་རྒྱ་མིའི་བཙོན་པ་བྱས་ཡུན་རིང་སོང་བ་དང་།སྐུ་ཚབ་གཞན་ཚོ་ཡང་བཙོན་པ་དང་ཆ་མཐུན་ཡིན།ཁོང་ཚོར་སློབ་སྟོན་གནང་མཁན་མ་བྱུང་སྟབས་མཐར་དབང་མེད་དུ་གྲོས་མཐུན་དེར་མིང་རྟགས་བཀོད་ཡོད།[4]སྐབས་དེར་༸གོང་ས་མཆོག་རྒྱ་གར་དང་ཐག་ཉེ་བའི་བོད་ཀྱི་ས་གནས་གྲོ་མོར་བཞུགས་ཡོད། ༸གོང་ས་མཆོག་གིས་གྲོས་མཐུན་ལ་ངོས་ལེན་མ་གནང་བར་བཙན་བྱོལ་དུ་ཕེབས་རྒྱུ་སྔོན་འགོག་གི་ཆེད་དུ་རྒྱ་ནག་གཞུང་གིས་ཀྲང་ཅིང་ཝུ་ཆེད་མངགས་རྒྱ་གར་བརྒྱུད་དེ་གྲོ་མོར་མངགས་པ་ལྟར་ཕྱི་ཟླ་ ༧ ཚེས་༡༦ ཉིན་༸གོང་ས་མཆོག་དང་མཇལ་འཕྲད་ཞུས་ཏེ་བོད་གཞུང་ལ་གྲོས་མཐུན་དོན་ཚན་ ༡༧ བཞག་ཟིན་པས། དེ་ལ་མོས་མཐུན་གྱི་ཏར་ཡིག་ཅིག་ངེས་པར་འབུལ་དགོས་ཞེས་ཨུ་ཚུགས་བྱས་པར། བོད་གཞུང་གིས་བཀའ་བློན་ང་ཕོད་ངག་དབང་འཇིགས་མེད་བོད་དུ་འཁོར་ཏེ་གནས་ཚུལ་གསལ་བཤད་བྱུང་མཚམས་ཏར་གཏོང་དགོས་མིན་ཐག་གཅོད་གནང་རྒྱུ་ཡིན་ལུགས་གསུངས་པར་མ་ཟད། ཕྱི་ཟླ་ ༧ ཚེས་ ༢༠ ཉིན་བོད་གཞུང་གིས་མའོ་ཙེ་ཏུང་ལ་ཏར་བཏང་སྟེ། "ང་ཕོད་ལྷ་སར་ཕྱིར་ལོག་རྗེས་གྲོས་མཐུན་གྱི་མ་ཡིག་འབྱོར་མཚམས་ཚོགས་ཆེན་སྐོང་ཚོགས་ཀྱིས་གྲོས་བསྡུར་བྱས་ཐོག་གཞི་ནས་བལྟ་རྒྱུ་ཡིན་ཞེས་བརྗོད་པ་རེད། 
          ཀྲང་ཅིང་ཝུ་ཟླ་ ༨ ཚེས་ ༨ ཉིན་ལྷ་སར་སླེབས་པ་དང་། ༸གོང་ས་མཆོག་ཟླ་ ༨ ཚེས་ ༡༧ ཉིན་ལྷ་སར་ཆིབས་བསྒྱུར་གནང་། ཀྲང་ཅིང་ཝུ་ལྷ་སར་སླེབས་རྗེས་ཟླ་ ༨ ཚེས་༡༥ ཉིན་བོད་རྒྱལ་ཁབ་ཀྱི་སྲིད་ཚབ་བློ་བཟང་བཀྲ་ཤིས་དང༌། ཀླུ་ཁང་པ། སྲིད་ཟུར་གླང་མདུན་བཅས་སོ་སོར་ཐུག་འཕྲད་བྱས་ཡོད་པ་དང༌། དེ་ཉིན་སྲིད་ཚབ་ཀླུ་ཁང་པས་ཁ་རི་ཁ་ཐུག་ངང་གྲོས་མཐུན་དོན་ཚན་བཅུ་བདུན་ལ་མོས་མཐུན་མེད་པའི་རྒོལ་གླེང་ཤུགས་ཆེ་གནང༌། དེ་བཞིན་ཚེས་ ༡༦ ཉིན་བཀའ་བློན་ལྷ་ཀླུ་དང་། ཟླ་ ༨ ཚེས་ ༢༡ ཉིན་རྩིས་དཔོན་ཁྲོ་དགའ་བོ། ཚེས་༢༢ ཉིན་བཀའ་བློན་རག་ག་ཤག ཚེས་ ༢༤ ཉིན་སྣེའུ་ཤར་ཐུབ་བསྟན་ཐར་པ་སོགས་མཇལ་འཕྲད་སྐབས་གོང་གསལ་བོད་གཞུང་གི་གནད་ཡོད་ལས་བྱེད་ཚོས་གྲོས་མཐུན་དོན་ཚན་ ༡༧ ལ་མོས་མཐུན་མེད་པའི་རྣམ་འགྱུར་བསྟན་ཡོད།
དེ་ནས་རྒྱ་ནག་གི་སྐུ་ཚབ་ཀྲང་ཅིང་ཝུ་ཡིས་གྲོས་མཐུན་ལ་མོས་མཐུན་ཡོད་པའི་ཏར་འཕྲིན་གཏོང་དགོས་པའི་ནན་སྐུལ་མུ་མཐུད་དེ་ཡང་ཡང་བྱེད་སྐབས་བོད་གཞུང་གིས་"སང་ཉིན་ཚེས་གྲངས་བཟང་པོ་མི་འདུག གནངས་ཉིན་གཟའ་སྤེན་པར་ངལ་གསོ་རེད། གཞེས་ཉིན་ནོར་བུ་གླིང་ཁར་ལྷ་མོ་འཁྲབ་ཀྱི་རེད་ཟེར་བ་སོགས་ཀ་ཀོར་བཤད་ནས་དུས་ཚོད་བསྐྱལ་ཏེ། ཏར་འཕྲིན་རྩ་བ་ནས་མ་བཏང་། ཟླ་བ་ ༩ ཚེས་ ༨ ཉིན་བཀའ་བློན་ང་ཕོད་སོགས་ཚལ་གུང་ཐང་དུ་འབྱོར་ཞིང་། དེ་ནས་ལྷ་སར་བཅར་ཏེ་འབྱོར་ཕྱག་ཞུས་རྗེས། ཚེས་ ༢༤ ནས་ ༢༦ བར་ནོར་གླིང་ཞབས་བརྟན་ལྷ་ཁང་དུ་བོད་གཞུང་གིས་སེ་འབྲས་དགའ་གསུམ་གྱི་མཁན་པོ་ལས་སྣེ་དང༌། གཞུང་ཞབས་སེར་སྐྱ། དམག་སྒར་ཁག་གི་རུ་བརྒྱ། འཇུ་ལང་གཞུང་སོག་འགོ་པ་སོགས་མི་སྣ་སུམ་བརྒྱ་ལྷག་ཡོད་པའི་ཚོགས་འདུ་རྒྱས་འཛོམས་བསྐོང་བ་དང༌། ཚོགས་འདུ་དེའི་ཐོག་བཀའ་བློན་ང་ཕོད་སོགས་ཞི་གྲོས་སྐུ་ཚབ་ཚོས་པེ་ཅིང་དུ་གྲོས་མཐུན་བཞག་པའི་བརྒྱུད་རིམ་ངོ་སྤྲོད་བྱས།
སྐབས་དེར་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་སྐུ་ཚབ་ཀྲང་ཅིང་ཝུ་ལྷ་སར་ཕེབས་ཟིན་པ་དང༌། ཀྲང་གོ་ཧྭ་དང་ཐན་ཀའོན་སན་གཉིས་ཀྱིས་དམག་དཔུང་ཁྲིད་ནས་མཇུག་ཏུ་ཡོང་གི་ཡོད་ཀྱང༌། ལྷ་སར་འབྱོར་མེད། སྐུ་ཚབ་ཀྲང་ཅིང་ཝུ་ནས་ཏཱ་ལའི་བླ་མར་གྲོས་མཐུན་ལ་མིང་རྟགས་བཀོད་ཟིན་པས་ཏཱ་ལའི་བླ་མས་དམག་དཔུང་ཆེ་བ་ལྷ་སར་མ་འབྱོར་གོང་ཀྲུང་དབྱང་ལ་རྣམ་འགྱུར་ཞིག་སྟོན་པ་གནང་དགོས་ཞུས་པར། སྲིད་ཚབ་གཉིས་ནས་གནད་དོན་དེ་ང་ཚོས་འཕྲལ་ཐག་གཅོད་ཐུབ་ཀྱི་མ་རེད། བོད་ལྗོངས་ཚོགས་འདུ་ཧྲག་བསྡུས་རྒྱས་པ་འཚོགས་ནས་གཏན་འཁེལ་བྱེད་དགོས་ཞེས་བཤད་ནས་ཚོགས་འདུ་ཧྲག་བསྡུས་རྒྱས་པ་འཚོག་ནས་ཐག་གཅོད་དགོས་རྒྱུ་བཤད་ནས་དུས་བསྒྱངས་ནས་རྒྱ་གཞུང་ལ་དོན་ཚན་དེ་དག་ལ་མོས་མཐུན་མེད་པའི་རྣམ་པ་གསལ་པོ་བསྟན།
གང་ལྟར། རྒྱུ་འབྲས་དང་གནས་ལུགས་བྲལ་བའི་གྲོས་ཆོད་འདི་ལ་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ནས་མོས་མཐུན་དང་བརྩི་མཐོང་སྤྲོད་ཀྱིས་མེད་ལ། བོད་རྒྱལ་ཁབ་ཀྱི་སྲིད་ཚབ་བློ་བཟང་བཀྲ་ཤིས་དང༌། ཀླུ་ཁང་པ། སྲིད་ཟུར་གླང་མདུན་གསུམ་ནས་རྩ་་བ་ཉིད་ནས་ངོས་ལེན་བྱས་མེད་ལ།དེ་བཞིན་དུ་རྒྱ་ནག་ཏུ་གྲོས་མཐུན་དོན་ཚན་བཅུ་བདུན་གྱི་སྐུ་ཚབ་ཏུ་བསྐྱོད་པའི་གཙོ་འགན་པ་ང་ཕོད་ངག་དབང་འཇིགས་མེད་དང་ཁོང་གི་འགྲོ་རོགས་བཞི་བོས་ཀྱང་ཞེ་གཏིང་ནས་ངོས་ལེན་དང་མོས་མཐུན་མེད་པའི་རྣམ་འགྱུར་དང་རྣམ་པ་དམར་རྗེན་དུ་བསྟན་ཡོད། མདོར་བསྡུས་ནས་བརྗོད་ན།བོད་ཀྱི་གཞུང་འཛིན་པ་དང་མི་དམངས་སུས་ཀྱང་གྲོས་མཐུན་དེ་ལ་ངོས་ལེན་ཡོད་པའི་རྣམ་པ་ཟུར་ཙམ་ཡང་མེད།
 
གསུམ་པ།དོན་ཚན་བཅུ་བདུན་ལ་ངོས་འཛིན་མེད་པའི་ཡོངས་ཁྱབ་གསལ་བསྒྲགས།
རྒྱ་དམག་རྣམས་བོད་དུ་བསླེབས་ནས་མི་ལས་དགུ་ལས་བྱས་པས།བོད་མི་རྣམས་རྒྱ་མི་ལ་མི་དགའ་བའི་རྣམ་འགྱུར་སྡུག་ཏུ་ཕྱིན་ནས།བུ་ཕྲུག་ཚོས་སྐད་ཅོར་དང་།རྒྱ་དམག་ལ་རྡོ་འཕེན་པ་སོགས་བྱས།མི་རྒན་པ་ཚོས་ཀྱང་མི་དགའ་བའི་རྣམ་འགྱུར་མངོན་སུམ་དུ་སྟོན་གྱིན་འདུག།།རྒྱ་དམག་རྣམས་བོད་དུ་བཅའ་སྡོད་བྱས་ནས་ཁོང་ཚོ་དགོས་མཁོ་མང་ནས་མང་དུ་ཕྱིན།ལྷག་པར་དུ་འབྲུ་རིགས་ཕོན་ཆེན་མཁོ་སྤྲོད་བརྗོད་ཀྱང་བོད་ལ་ཞིང་ལས་ཐོན་ཁུངས་རང་ཉིད་ལ་འདང་ཙམ་ལས་མེད་པས།རྒྱ་དམག་ཁྲི་ཕྲག་མང་པོར་མཁོ་འདོན་བྱེད་ཐབས་བྲལ།ཡིན་ནའང་།རྒྱ་དམག་གིས་བཙན་ཚུགས་དང་ཨུ་ཚུགས་མཐའ་སྐྱེལ་བྱས་ནས།བོད་ནས་འབྲུ་རིགས་ཕོན་ཆེན་བུ་ལོན་གྱི་མིང་ཐོག་ནས་གཡར་ཞིང་།སྐྱིན་ཚབ་བོད་དུ་བཟོ་གྲྭ་བཙུགས་ནས་སྤྲོད་རྒྱུ་ཡིན་ཚུལ་བརྗོད་ཀྱང་དོན་དངོས་ཐོག་ལག་ལེན་དུ་མེད་པས། བོད་མི་དམངས་ཀྱི་སེམས་ལ་ཞེ་སྡང་དང་ཕོག་ཐུག་ཤུགས་ཆེན་ཕྱིན།
རྒྱ་ནག་གི་ཧམ་སེམས་ཉིན་རེ་ནས་ཉིན་རེར་ཇེ་ཆེ་ནས་ཇེ་ཆེར་ཕྱིན་ཞིང་།ཁ་ནས་གྲོས་མཐུན་དོན་ཚན་བཅུ་བདུན་གཞིར་བཞག་གི་ཐོག་ནས་བོད་ལ་ལག་བསྟར་བྱེད་བཞིན་ཡོད་ཅེས་ཕྱིའི་རྣམ་པ་ཙམ་བསྟན་ཀྱང་།དོན་དངོས་སུ་རྒྱ་ནག་གིས་བོད་ཀྱི་བདག་དབང་དང་མངའ་ཁོངས་ཡོངས་སུ་ཀྲུང་དབྱང་གིས་བདག་བཟུང་བྱེད་པའི་འདོད་པ་ཤུགས་ཆེར་བསླེབས་པས།བོད་གཞུང་དམངས་གཉིས་དཀའ་སྡུག་དང་རྙོག་འཛིང་གི་མནར་གཅོད་ཆར་ལྟར་བབས་པས།མཐའ་མར།བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྐྱབས་མགོན་ཏཱ་ལའི་བླ་མ་རྒྱ་གར་དུ་སྐྱབས་བཅོལ་དུ་ཕེབས་དགོས་བྱུང་།
རྒྱལ་སྤྱིའི་ཁྲིམས་དང་ཡོངས་སུ་འགལ་བའི་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་དེར་བོད་གཞུང་དང་མི་མང་ནས་ཁས་ལེན་བྱས་པ་མེད་གཤིས། རྒྱ་དམར་རང་ཉིད་ནས་ཀྱང་དེའི་དོན་ཚན་ཁག་བརྡལ་བཤིག་གིས་འགལ་འདས་བྱས་པ་བཅས། ༧གོང་ས་མཆོག་བཙན་བྱོལ་དུ་ཕེབས་ཤིང་གསུང་གླེང་གནང་རྒྱུའི་རང་དབང་ཐོབ་མཚམས། སྤྱི་ལོ ༡༩༥༩  ཟླ་ ༤ ཚེས་ ༡༨ ཉིན་༧གོང་ས་མཆོག་རྒྱ་གར་ཏེ་རྗི་པུར་མེ་འཁོར་འབབ་ཚིགས་ནས་གྲོས་མཐུན་དོན་ཚན་བཅུ་བདུན་རྩིས་མེད་བཏང་བའི་གསལ་བསྒྲགས་བསྐྱངས་ཡོད། དེ་ནི་དང་པོ་རྒྱ་ནག་གིས་ཆིངས་ཡིག་དེར་རྡོག་རོལ་བཏང་བ་དང་། གཉིས་པ་བཙན་གནོན་འོག་བཞག་པའི་དབང་གིས་ངོན་ལེན་བྱས་མེད་ཅེས་གཞུང་འབྲེལ་གྱི་ཡོངས་ཁྱབ་གསལ་བསྒྲགས་དང་སྦྲགས་དོན་ཚན་བཅུ་བདུན་ཟེར་བ་དེ་བོད་གཞུང་དང་མི་མང་ལ་གོ་མཚོན་གྱི་སྡིག་རའི་འོག་བཞག་ཏུ་བཅུག་པའི་བྱ་སྤྱོད་ཀྱང་རྒྱལ་སྤྱིའི་མདུན་དུ་དམར་བརྗེན་མཐིལ་བཏོན་ཟིན་པ་ཞིག་ཀྱང་ཡིན་པ་དང་། རྒྱ་ཕྱོགས་ནས་རང་ཉིད་ཀྱིས་རྫུན་བཟོ་བྱས་པའི་ཡིག་ཆར་སོ་སོ་རང་གིས་བརྡལ་གཤིག་བཏང་བ་ཡིན་པ་གསལ་འགོད་གསལ་བསྒྲགས་ནས་འཛམ་གླིང་ཡོངས་ལ་བསྒྲགས།
 
བཞི་པ། མཇུག་གི་གཏམ།
ང་ཚོས་རང་མི་རིགས་ཀྱི་འདས་པའི་ལོ་རྒྱུས་ལ་ཕྱིར་ལྟོས་ཤིག་བྱས་ཚེ།སྤྱི་ལོ་༡༩༡༣ ནས་ ༡༩༤༧ བར་གྱི་གོ་སྐབས་དང་ཉེན་ཁ་ཞིག་གི་འོག་ནས་འཐུས་ཤོར་མང་པོ་བཏང་ཡོད། ལྷག་པར་དུ་ ༡༩༥༠ལོར་ཆབ་མདོའི་མདོ་སྤྱི་བརྗེ་སྤོར་བྱས་ཏེ་རྒྱ་ནག་ལ་རོགས་ཕན་ཆགས་ཡོད། 
འཛམ་གླིང་སྤྱིའི་འགྲོ་སྟངས་ལྟར་ན་མཐའ་མཚམས་ཛ་དྲག་བྱུང་ན། དམག་ཁ་སྣོན་གཏོང་བ་དང་དམག་དཔོན་ལ་དབང་ཚད་འཕར་མ་སྤྲོད་སྲོལ་ཡོད་ཀྱང་། བོད་གཞུང་གིས་སྲོལ་རྒྱུན་རྩ་ཆེན་དུ་རྩིས་ཏེ་ལྷ་ཀླུའི་ཚབ་ཏུ་ང་ཕོད་བཏང་ཞིང་།ཆབ་མདོར་དམག་གིས་བརྒྱབས་ཏེ་མདོ་སྤྱི་ཤོར་ལ་ཉེ་སྐབས། བཀའ་ཤག་གིས་ལྷ་སར་ཐུགས་སྤྲོ་བཏང་ནས་བསྡད་ཡོད། བཀའ་ཤག་གི་མགོ་ཁྲིད་ཟུར་ཁང་བ་རེད། ཆབ་མདོ་ནས་ཏར་བཏང་སྟེ། ཟུར་ཁང་ལ་ཆབ་མདོ་ཤོར་གྱིན་ཡོད་པའི་ཛ་དྲག་གི་གནས་ཚུལ་ཞུས་སྐབས། སྐད་ཆ་དེ་གསང་བ་བྱོས། གནས་ཚུལ་ཆུང་ཚགས་ཆེན་པོ་མ་བཟོ། ཐུགས་སྤྲོ་གྲོལ་འགྲོ་བ་རེད་ཅེས་ལན་བརྒྱབས་ཡོད། ཆབ་མདོའི་དམག་ས་ཉིན་ ༡༨ ནང་རྒྱ་ལག་ཏུ་ཤོར་ཡོད། ཉི་མ་ནག་པོ་དེ་འདྲའི་སྐབས་ལ་ང་ཚོའི་མགོ་ཁྲིད་ཚོས་ཐུགས་སྤྲོ་བཏང་བསྡད་པའི་དབང་གིས་ཆིངས་ཡིག་དོན་ཚན་བཅུ་བདུན་ང་ཚོའི་མགོ་ཐོག་ལ་བབས་ཡོད་པ་རེད།
སྤྱི་ལོ་ ༡༩༥༡ ཟླ་ ༥ ཚེས་ ༢༣ ཉིན་གྲོས་མཐུན་དོན་ཚན་བཅུ་བདུན་ལ་ས་ཡིག་བརྒྱབས་པ་དེ་བོད་རང་བཙན་ཤོར་བའི་རྟགས་མཚན་ལྟ་བུ་ཆགས་ཡོད། དེ་བཞིན། ཕྱི་ཟླ་ ༦ ཚེས་ ༢༤ ཉིན་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་དང་བོད་གཞུང་གིས་ངོས་ལེན་ཡོད་པའི་ཏར་བཏང་བ་རེད། ཕྱིས་སུ་རིམ་གྱིས་ཆིངས་ཡིག་དེ་བོད་བཙན་བཟུང་གི་བཀག་རྡོ་ལྟ་བུར་གྱུར་ཡོད་སྟབས། རྒྱ་ཕྱོགས་ནས་ཆིངས་ཡིག་དེ་རྡོག་རོལ་བཏང་ཡོད། གནས་སྟངས་དེ་འདྲ་ཞིག་གི་འོག་ནས་བོད་མི་དམངས་ཚོས་འོས་ལངས་བྱས་པ་རེད།
ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་ཚེ།གྲོས་མཐུན་དོན་ཚན་བཅུ་བདུན་དེ་རྒྱ་ནག་གིས་རང་གི་ངོ་སོ་བསྲུང་རྒྱུ་དང་རྒྱལ་སྤྱིའི་སྡིངས་ཆ་དང་བརྒྱུད་ལམ་ཁག་ཏུ་བོད་ནི་གནའ་སྔ་མོ་སྐུ་དྲག་རིང་ལུགས་དང་བྲན་གཡོག་རིང་ལུགས་ཀྱི་ལུགས་སྲོལ་ངན་པས་བཅིངས་བའི་འོག་ནས་བཀྲོལ་བ་དང་ཞི་བའི་བཅིངས་འགྲོལ་བཏང་བ་ཡིན་ཞེས་ཁོང་ཚོའི་གཟི་བརྗིད་ཅིག་ཏུ་བརྩི་བ་དང་རོགས་སྐྱོར་བྱས་པའི་རྣམ་པ་ཞིག་ཏུ་བརྩི་བཞིན་ཡོད་ལ།དེའི་རྒྱབ་ཕྱོགས་སུ་རྒྱ་ནག་གིས་དུས་དང་རྣམ་པ་ཀུན་ཏུ་བོད་དེ་རྒྱ་ནག་གི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཏུ་བརྩི་བཞིན་ཡོད་ན་ཡང་།
དོན་དངོས་ཐོག་ཀུན་གྱིས་ཁས་ལེན་ཆོག་པའི་ཁྲིམས་མཐུན་གྱི་ཡིག་ཆ་ཞིག་མེད་པར་བརྟེན་བོད་ལ་དྲག་མཚོན་གཉིས་ཀྱི་སྒོ་ནས་འཇིགས་སྐུལ་དང་བརྙས་བཅོས་བཅས་ཀྱིས་གྲོས་མཐུན་དོན་ཚན་བཅུ་བདུན་ལ་མིང་རྟགས་འགོད་དུ་བཅུག།བོད་པའི་སེམས་ཁམས་སུ་གྲོས་ཆོད་དེ་ནི་བཙན་དབང་དང་མེ་མདའི་སོ་ཁ་ནས་བཞག་པར་ཡོངས་གྲགས་ཀྱིས་ཁས་ལེན་བྱེད་ཀྱི་ཡོད་ན་ཡང་།རྒྱ་ནག་ཕྱོགས་ནས་དེ་ལ་ད་དུང་ཡང་མཐོང་ཆེན་དང་གནད་འགག་ཆེན་པོ་ཞིག་ཏུ་བརྩི་བཞིན་ཡོད། ལོ་རེའི་སྤྱི་ཟླ ༥ ཚེས ༢༣ ཉིན་ལ་གྲོས་མཐུན་དོན་ཚན་བཅུ་བདུན་ལ་མིང་རྟགས་བཀོད་པའི་ཉིན་མོ་ཞེས་བརྩི་སྲུང་དང་རྟེན་འབྲེལ་གྱི་མཛད་སྒོ་རྣམ་ཀུན་ཏུ་འཚོག་གིན་ཡོད།
 
ཟུར་ལྟའི་དྲ་དེབ་ཁག
༡༽ ངོས་ཀྱི་ཡུལ་དང་།ངོས་ཀྱི་མི་མང་། བོད་གཞུང་ཤེས་རིག་དཔར་ཁང་།
༢༽ ཕྱི་ཡུལ་གྱི་རང་དབང་།
༣༽ བོད་མི་གསར་བརྗེ་བ་ཞིག  བོད་ཀྱི་དུས་བབ་གསར་ཁང་།
༤༽ བྱ་སྒྲོ་དཀར་པོའི་རྨི་ལམ། ཆུང་ཚེ་རིང་གི་དྲ་ཚིགས།
༥༽ བོད་ཀྱི་དུས་བབ་དྲ་ཚིགས།
༦༽ བོད་ཀྱི་བང་ཆེན་དྲ་ཚིགས།
༧༽ཀྲུང་གོ་བོད་རིག་པའི་དྲ་བ།
 
 
 


[1] ༼ རྩོམ་པ་པོ་ཆུང་ཚེ་རིང་གི་བསྒྱུར་ཞིང་བོད་ཀྱི་དུས་བབ་གསར་ཁང་གིས་དཔར་དུ་བསྐྲུན་པའི་བོད་མི་གསར་བརྗེ་བ་ཞིག་ཞེས་པའི་ཤོག་གྲངས ༢༢༧ ནས་དྲངས།༽

 
[2] ༼ རྩོམ་པ་པོ་ཆུང་ཚེ་རིང་གི་བསྒྱུར་ཞིང་བོད་ཀྱི་དུས་བབ་གསར་ཁང་གིས་དཔར་དུ་བསྐྲུན་པའི་བོད་མི་གསར་བརྗེ་བ་ཞིག་ཞེས་པའི་ཤོག་གྲངས ༢༢༢ ནས་དྲངས།༽
[3] ༼ བོད་གཞུང་ཤེས་རིག་དཔར་ཁང་ནས་དཔར་བསྐྲུན་བྱས་པའི་རྒྱལ་བའི་མཛད་རྣམ། ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་། ཤོག་གྲངས ༡༡༦ ཏུ་གསལ༽
[4] ༼ བོད་གཞུང་ཤེས་རིག་དཔར་ཁང་ནས་དཔར་བསྐྲུན་བྱས་པའི་རྒྱལ་བའི་མཛད་རྣམ། ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་། ཤོག་གྲངས ༡༡༥ རུ་གསལ༽

ཀློགས་གྲངས། 3107 ..
སེམས་གསོན་པོ།

སེམས་ནས་རྒྱང་དུ་ཆས་པའི་ཚེ་སྲོག་གི་གཏམ་རྒྱུད།

དྲ་རྒྱ། gurgonkyab.wordpress.com
ནང་འཛུལ་བྱས་ཏེ་ཀློག་མཆན་སྤེལ།