གསར་སྤེལ་ཟིན་བྲིས།

གཟའ་ལྷག་པ།, 21 /05/ 2014 07:44

བོད་ཀྱི་སྙན་ངག་གསར་བའི་དཀྱོགས་མཚམས་ནས་ཉི་ཟླ་རི་བོའི་སྙན་ཚིག་གླེང་བ།

ཟིན་བྲིས་པ། 
ཀློག་པ་པོས་རྩོམ་ཡིག་ལེགས་འདེམས་བྱེད་གནས།
(1 འོས།)
བོད་ཀྱི་སྙན་ངག་གསར་བའི་དཀྱོགས་མཚམས་ནས་ཉི་ཟླ་རི་བོའི་སྙན་ཚིག་གླེང་བ།

 

དང་པོ།  བོད་ཀྱི་སྙན་ངག་སྤྱིའི་འཕེལ་རིམ་རགས་བཤད།

སྤྱིར་བོད་ལ་སྙན་ངག་ཅེས་པའི་ཐ་སྙད་འདི་ནི་དུས་རབས་བརྒྱད་པའི་དུས་དཀྱིལ་དུ་ལོ་ཙཱ་བ་སྐལ་བ་དཔལ་བརྩེགས་ཀྱིས་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བཤེས་སྤྲིང་བོད་བསྒྱུར་བྱས་པ་ནས་བྱུང་བ་ཅུང་སྔ་ཤོས་སུ་སྣང་། [1]བཤེས་སྤྲིང་དུ། ཇི་ལྟར་བདེ་གཤེགས་གཟུགས་སྐུ་ཤིང་ལས་ཀྱང་།། བགྱིས་པ་ཅི་འདྲའང་བྱུང་སྟེ་མཁས་པས་མཆོད།། དེ་བཞིན་བདག་གི་སྙན་ངག་འདི་ངན་ཡང་།། དམ་ཆོས་བརྗོད་ལ་བརྟེན་སླད་སྨད་མི་འགྱུར།།ཅེས་པ་ནས་སྙན་ངག་ཅེས་པའི་ཐ་སྙད་དེ་ཐོག་མར་རྙེད་ཅིང་དེ་ནས་བོད་ལ་རིམ་གྱིས་ཡོངས་གྲགས་སུ་ཆགས།
སྙན་ངག་ལའང་ངག་ཐོག་སྙན་ངག་དང་ཡིག་ཐོག་སྙན་ངག  སྙན་ངག་གཞུང་ལུགས་མ་དར་སྔོན་གྱི་སྙན་ངག་དང་སྙན་ངག་གཞུང་ལུགས་དར་བའི་རྗེས་ཀྱི་སྙན་ངག་བཅས་སུ་དབྱེ་སྲོལ་ཡོད་ལ། རང་རེའི་བོད་ལ་མཚོན་ན་ངག་ཐོག་སྙན་ངག་ནི་ཅུང་དར་སྔ་ལ། བཙན་པོའི་མགུར་དང་གབ་ཚིག་བཅས་ཡིན་ལ།དེའི་ཚབ་མཚོན་སྙན་ངག་ཏུ་རུ་ལས་སྐྱེས་ཀྱི་མགུར་ལྟ་བུ་དང་།ཡིག་ཐོག་སྙན་ངག་ནི་དུས་རབས་བདུན་པར་བོད་ཡིག་གསར་བཟོ་བྱས་པའི་རྗེས་ཀྱི་སྙན་ངག་དག་བགྲང་ན་ཆོག་ཀྱང་། དེང་སང་ཏུན་ཧོང་ནས་ཡིག་རྙིང་མང་པོ་ཞིག་རྙེད་ཀྱིན་ཡོད་པས། དེ་དག་ཀྱང་སྙན་ངག་གཞུང་ལུགས་མ་དར་བའི་སྔོན་གྱི་སྙན་ངག་ཡིན་པར་བརྟེན། ཡིག་ཐོག་སྙན་ངག་ཏུ་བརྩིས་ན་འཐུས། བོད་ཀྱི་ཡིག་ཐོག་སྙན་ངག་ལ་ཐོན་མིས་མཛད་པའི་ཐོན་མིའི་ཡིག་ཕུལ་ཚབ་མཚོན་དུ་བཞག་ན་ཆོག།བོད་ལ་སྙན་ངག་གཞུང་ལུགས་དར་འཕྱི་ལ། དེ་ནི་སྤྱི་ལོ་དུས་རབས་བཅུ་གསུམ་པར་ལོ་ཙཱ་བ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་སྙན་ངག་མེ་ལོང་མ་ཆ་ཚང་བོད་ཡིག་ཏུ་བསྒྱུར་བ་ནས་སྙན་ངག་གི་གཞུང་ལུགས་ཞེས་བསྟན་རྒྱུ་ཡོད་པར་གྱུར།
སྙན་གཞུང་མེ་ལོང་མར་དཔེ་བླངས་ནས་བོད་རང་གི་མཁས་པས་ཀྱང་སྙན་ངག་གཞུང་ལུགས་མང་དུ་བརྩམས་ཡོད་ལ།སྤྱི་ལོ ༡༥༢༦ལོར་རིན་སྤུངས་པ་ངག་དབང་འཇིག་རྟེན་གྲགས་པས་མཛད་པའི་མི་འཇིགས་སེང་གེ་ང་རོ་དང་། དེ་བཞིན་རྒྱལ་དབང་ལྔ་བས་མཛད་པའི་དབྱངས་ཅན་དགྱེས་གླུ།  བོད་མཁས་པས་མཛད་པའི་དཎྜིའི་དགོངས་རྒྱན་སོགས་སྙན་གཞུང་དུ་མ་མཛད་ཡོད།[2]
བོད་ལ་སྙན་ངག་གསར་བ་ནི་སྤྱི་ལོ ༡༩༨༣ ལོར་དོན་གྲུབ་རྒྱལ་གྱིས་ལང་ཚོའི་རྦབ་ཆུ་སྤེལ་བ་ནི་བོད་ཀྱི་སྙན་ངག་གསར་པ་དབུ་བརྙེས་པའི་མཚོན་རྟགས་ཤིག་ཡིན་ལ།[3] དེས་བོད་ཀྱི་སྲོལ་རྒྱུན་སྙན་ངག་གི་ཚིག་རྒྱན་ཙམ་གྱི་མཛེས་པ་དང་བསྟོད་པའི་དབྱངས་ཀྱིས་སྙན་ངག་གི་བརྗོད་བྱར་དབང་བསྒྱུར་བྱེད་པའི་ས་མཚམས་ལས་བརྒལ་ནས། སྒྲིག་གཞི་རང་ལུགས་དང་སྤྱི་འགྲོས་རིང་ལུགས་ཅན་གྱི་བོད་ཀྱི་སྲོལ་རྒྱུན་སྙན་ངག་གི་བཙན་རྫོང་ཡོངས་སུ་གཏོར་ནས། སྙན་ངག་གཅིག་གིས་སེམས་ཅན་ཐམས་ཅད་ལ་རིགས་འགྲེས་བཏང་ཆོག་པའི་བརྗོད་བྱ་དང་འབྲི་ཐབས་ལས་རིང་དུ་བརྒལ་ནས་རང་གི་མཐོང་ཐོས་མྱོང་གསུམ་གཙུག་ཏུ་བཀུར་ཞིང་སེམས་ཚོར་དག་སྒྲིག་གཞི་དང་ལུགས་སྲོལ་གྱི་ལྕགས་རི་ལས་ཡོངས་སུ་བཀྱེད་ནས་རང་མོས་ལྟར་བྲིས་པས་བོད་ཀྱི་སྙན་ངག་ལ་དཀྱོགས་མཚམས་ཆེན་པོ་ཞིག་དང་གསར་བརྗེ་ཆེན་པོ་ཞིག་བྱུང་།
[4]རང་མོས་སྙན་ངག་གི་འབྲི་ཐབས་འདི་བོད་ལ་བྱུང་བ་ནས་བོད་ལ་སྙན་ངག་གསར་པ་དར་བར་ཡོངས་གྲགས་ཀྱིས་ཁས་ལེན་བྱེད་ཀྱི་ཡོད་ཀྱང་།རང་མོས་སྙན་ངག་ལ་གོ་བ་ལེན་སྟངས་ཐད་ལ་སྨྱུག་ཐོགས་པ་ཕལ་ཆེ་བ་གོ་ནོར་ཐེབས་ཀྱི་ཡོད། མང་ཆེ་བས་སྲོལ་རྒྱུན་ལུགས་ཀྱི་སྙན་ངག་སྟེ་ཚིགས་བཅད་སྙན་ངག་དང་སྙན་ངག་གསར་པ་སྟེ་རང་མོས་གཉིས་ཀྱི་ཁྱད་པར་གཙོ་བོ་དེ། རྩོམ་ལུས་དང་རྣམ་པ་ཁོ་ནས་སྟེང་ནས་འཇོག་གི་ཡོད། ཚིག་རྐང་བཞི་ཡིས་གྲུབ་ཅིང་།ཚིག་རྐང་རེ་རེའི་ཚིག་ཁྱིམ་གྲངས་གཅིག་མཚུངས་དང་ཚིག་ཁྱིམ་བར་གྱི་ངལ་གསོ་གཅོད་མཚམས་གཅིག་པ་ཡིན་ན་སྲོལ་རྒྱུན་སྙན་ངག་དང་། དེ་ལྟར་མ་ཡིན་པར། ཚིག་ཁྱིམ་གྱི་གྲངས་ལ་མང་ཉུང་ཤོར་ཞིང་ཤོ་ལོ་ཀའི་འབྲི་ཐབས་མ་སྤྱད་པ་ཡིན་ན།སྙན་ངག་གསར་བ་ཡིན་ཞེས་རློན་མཁན་དང་འབྲི་མཁན་མང་པོ་ཡོད་ལ། དེ་དག་ནི་སྙན་ངག་གསར་པར་གོ་རྟོགས་མེད་པ་དང་། གོ་བ་མ་ལོན་པ་བསྙོན་མེད་རྐྱང་རེད།སྙན་ངག་གསར་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ནི་བརྗོད་བྱ་སྟོན་སྟངས་དང་མཚོན་དོན་གཉིས་ཀྱི་ཐོག་ན་ཡོད་པ་མ་གཏོགས། རྩོམ་ལུས་དང་རྣམ་པ་གཉིས་ཀྱི་སྟེང་ནས་ཕྱེ་ན་སྙན་ཞུའི་ཡི་གེ་དང་དགོངས་ཞུའི་ཡི་གེ་བཅས་དུམ་བུའམ་ཆ་ཤས་སུ་གཏུབ་ན་རང་མོས་སྙན་ངག་ཏུ་བགྲང་བ་བཅས་ནི་སྙན་ངག་གསར་པ་མ་ཤེས་པའི་རྟགས་མཚན་དམར་རྗེན་མ་ཞིག་ལས་མ་འདས།
ང་ཚོས་རང་མོས་སྙན་ངག་གི་འཕེལ་རིམ་ལ་ཕྱིར་ལྟོས་ཤིག་བྱེད་དུས། བོད་ལ་རང་མོས་སྙན་ངག་གི་འབྲི་ཐབས་འདི་ནི་རྒྱ་ནག་གི་རང་མོས་སྙན་ངག་ལ་དཔེ་བལྟས་པ་དང་།རྒྱ་ནག་གིས་ནུབ་གླིང་གི་རང་མོས་སྙན་ངག་ལས་ཚུར་ལེན་བྱས་པ་དང་། ནུབ་གླིང་དུ་ཐོག་མར་ཨ་རིའི་སྙན་ངག་པ་ཝེ་ཁྲེ་མེན་གྱིས་རྩྭ་ལོ་གཅེས་བཏུས་མཛད་པ་ནས་ཐོལ་བརྒལ་གྱི་སྙན་ངག་འབྲི་ཐབས་ཅིག་བྱུང་བ་དེ་ནི་སྲོལ་རྒྱུན་ལུགས་ཀྱི་འབྲི་ལུགས་འབྲི་སྲོལ་དང་སྒྲོམ་གཞི་སྒྲིག་གཞི་བཅས་ཀྱི་རྒྱ་ལས་ཡོངས་སུ་ཐར་ཡོད་ལ། དེ་ཡང་རྩོམ་ལུས་དང་རྣམ་པ་ཁོ་ནས་ཐོག་ནས་ཐར་བ་མིན་པར་བརྗོད་བྱའི་དོན་དང་མཚོན་དོན་བཅས་ཀྱི་ཐོག་ནས་ཐོལ་བརྒལ་རང་བཞིན་དང་མཆོངས་བསྐྱོད་རང་བཞིན་གྱི་རྣམ་པ་གསལ་པོར་མངོན་ཡོད།[5]
ང་ཚོས་ཝེ་ཁྲེ་མེན་གྱིས་མཛད་པའི་རྩྭ་ལོ་གཅེས་བཏུས་ནི་རྩོམ་ལུས་དང་རྣམ་པའི་ཆ་ནས་དུས་རབས་དུ་མའི་རིང་གི་ནུབ་གླིང་གི་སྲོལ་རྒྱུན་སྙན་ངག་འབྲི་སྲོལ་གྱི་རྣམ་པ་ཁོ་ནར་བསྒྱུར་བཅོས་བཏང་བ་ཞིག་ཏུ་ངོས་འཛིན་བྱས་ན་མི་འགྲིག་པར། གཙོ་བོ་སྙན་ངག་དེའི་བརྗོད་བྱ་དུས་རབས་བཅུ་དགུ་བའི་སྐབས་ཀྱི་ཨ་རིའི་ལྷོ་བྱང་གཉིས་ཀྱི་འགལ་འདུ་ཡི་རྣམ་པ་དང་དམངས་གཙོ་དང་རང་དབང་། འདྲ་མཉམ་བཅས་ཀྱི་ཐོག་ལ་དམིགས་བཙུགས་ནས་བྲིས་ཡོད་པས། འབྲི་ཐབས་དང་བརྗོད་བྱ། མཚོན་དོན་བཅས་ཀྱི་ཐོག་ནས་སྔར་ལས་ལྷག་པའི་སྙན་ངག་ལ་གསར་བརྗེ་ཆེན་པོ་ཞིག་བྱས་པའི་ངོས་འཛིན་བྱས་ན་འཐུས།[6]


གཉིས་པ། བོད་ཀྱི་དེང་རབས་སྙན་ངག་འབྲི་ཐབས་རགས་བཤད།

སྙན་གཞུང་མེ་ལོང་མ་བོད་བསྒྱུར་བྱས་ཤིང་བོད་ཀྱི་སྤྱི་ཚོགས་སུ་དར་ཁྱབ་བྱུང་བ་ནས། བོད་ཀྱི་སྙན་ངག་ཕལ་ཆེ་བ་ནི་དཔེ་རྒྱན་དང་གཟུགས་རྒྱན།ཕུལ་བྱུང་རྒྱན་དང་རབ་བཏགས་རྒྱན། བསྙོན་དོར་གྱི་རྒྱན་བཅས་ལས་ལག་ལེན་དངོས་ཀྱི་ཁྲོད་ན་མ་འདས། ས་སྐྱ་པཎྜི་ཏས་མཛད་པའི་ས་སྐྱ་ལེགས་བཤད་དང་གུང་ཐང་གིས་མཛད་པའི་ཆུ་ཤིང་གི་བསྟན་བཅོས་བཅས་ནི་དཔེ་རྒྱན་གྱི་འབྲི་ཐབས་སྤྱད་ནས་བྲིས་ཡོད།དགེ་ལྡན་ལེགས་བཤད་དང་རྗེ་ཙོང་བ་དང་མཁས་གྲུབ་རྗེ་བཅས་ཀྱི་བརྩམས་ཆོས་ཕལ་ཆེ་བ་དཔེ་རྒྱན་སྤྱད་ནས་བྲིས་ཡོད།[7]
དུས་རབས་ཉི་ཤུ་བར་དགེ་འདུན་ཆོས་འཕེལ་གྱིས་དཔེ་རྒྱན་དང་གཟུགས་རྒྱན་སོགས་ཀྱིས་བཅིངས་བ་ལས་རིང་དུ་བརྒལ་ནས། ཚིག་རྒྱན་འབྲི་ཐབས་མ་སྤྱད་པར་ཡོངས་གྲགས་ཀྱི་ཚིག་དང་ཕ་སྐད་ཀྱི་ལམ་ནས་འཚོ་བའི་བདེན་པ་དང་དུས་རབས་ཀྱི་བདེན་པ། ཚོར་བའི་བདེན་པ་དང་ཆོས་ཉིད་ཀྱི་བདེན་པ་བཅས་སྲོག་ཏུ་བཟུང་ནས་སྙན་ངག་གི་འབྲི་ཐབས་གསར་པ་ཞིག་ཁྱབ་གདལ་དུ་བཏང་བ་དེ་ནི།ཉེ་རབས་བོད་ཀྱི་རྩོམ་རིག་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་ཞིག་ཏུ་གྱུར་ཡོད།ལྷག་པར་དུ་དགེ་ཆོས་ཀྱི་འགལ་བ་ལྟོས་ཀྱི་རིག་པ་ནི་ཕྱིས་སུ་སྙན་ངག་འབྲི་ཐབས་ཕུལ་བྱུང་ཞིག་ཏུ་གྱུར་ཡོད།[8]
དོན་གྲུབ་རྒྱལ་གྱིས་ལང་ཚོའི་རྦབ་ཆུའི་རིན་ཐང་ནི་རྩོམ་ལུས་དང་རྣམ་པ་གསར་བ་ཁོ་ནས་སྟེང་ནས་འབྱེད་ཀྱི་མེད་ལ།དེ་ནི་འབྲི་ཐབས་གསར་བའི་ཐོག་ནས་འབྱེད་ཀྱི་ཡོད།ལང་ཚོའི་རྦབ་ཆུ་ནི་མཚོན་དོན་སྙན་ངག་ གི་ཚབ་མཚོན་ཞིག་ཏུ་བགྲང་ཆོག་པའི་རྐྱེན་གྱིས་རེད་ལ།བོད་ཀྱི་སྙན་ངག་གི་ལོ་རྒྱུས་རིང་མོའི་ཁྲོད་ཀྱི་སྤྱི་འགྲོས་ཙམ་གྱི་འབྲི་སྟངས་ལས་བརྒལ་ཡོད་པས་གདེང་འཇོག་ཆེན་པོ་ཐོབ་ཡོད། [9]རྩོམ་པ་པོས་གཞོན་ནུའི་ལང་ཚོ་ནི་རྦབ་ཆུ་ཡིས་མཚོན་པར་བྱས་ཤིང་།རྦབ་ཆུ་ཐུར་དུ་དྲག་འབབ་ཀྱིས་གཞོན་ནུའི་ཉམས་པ་མེད་པའི་ཟིལ་ཤུགས་དང་སྙིང་སྟོབས་བཅས་མཚོན་པར་བྱས་ཡོད།ཁོས་འགོ་བརྩམས་དུས་ནས། སྔོ་ཞིང་བསངས་བའི་ནམ་མཁའ། དྲོ་ཞིང་འཇམ་པའི་ཉི་འོད། ཡངས་ཤིང་ཆེ་བའི་ས་གཞི་བཅས་རྦབ་ཆུའི་ཁོར་ཡུག་ནས་རིམ་གྱིས་གཏིང་ཇེ་གསལ་དང་ཁ་ཇེ་གསལ། ཐག་ཇེ་ཉེ་རུ་བཏང་ནས། རྦབ་ཆུའི་ཁྱད་ཆོས་ཀྱིས་བོད་ཀྱི་གཞོན་ནུའི་སྙིང་སྟོབས་དང་སྤོབས་པ་བཅས་མཚོན་པར་བྱས་ཡོད། འདི་ལྟ་བུའི་འབྲི་ཐབས་ནི་སྔོན་ཆད་བོད་ཀྱི་རྩོམ་རིག་ལོ་རྒྱུས་སུ་བྱུང་མ་མྱོང་བའི་འབྲི་ཐབས་གསར་པ་ཞིག་ཡིན་ལ། དེ་ལ་མཚོན་དོན་རང་བཞིན་གྱི་འབྲི་ཐབས་སྤྱད་ཡོད་ལ།[10]
དེ་བས། བོད་ཀྱི་སྙན་ངག་གསར་པའི་འབྲི་ཐབས་གཙོ་བོ་ནི་ཡིད་གཟུགས་ཀྱི་འབྲི་ཐབས་དང་། མཚོན་བྱེད་རང་བཞིན་གྱི་འབྲི་ཐབས། དུངས་བརྗོད་རང་བཞིན་གྱི་འབྲི་ཐབས་བཅས་སྲོག་ཏུ་བཟུང་ཡོད་ལ།[11] བརྗོད་བྱའི་ཆ་ནས་འཚོ་བ་དངོས་དང་ཚོར་བ་དངོས། བདེན་པ་བདེན་རྐྱང་དང་མྱོང་བ་དམར་རྗེན།སྤྱི་འགྲོས་ཙམ་གྱི་བཤད་ཚུལ་མ་ཡིན་པར་མི་སྒེར་རང་ཉིད་ཀྱི་ལྟ་ཚུལ་བཅས་ལྷུག་པོར་བརྗོད་པ་ཞིག་ཡིན་ལ། སྒྱུ་རྩལ་གྱི་ཆ་ནས་གཅིག་སྡུད་རང་བཞིན་དང་།མཆོངས་སྐྱོད་རང་བཞིན།བསྡུས་བརྗོད་རང་བཞིན།བསམ་གཞིག་གི་བར་སྟོང་ཡངས་པ་བཅས་ཡིན་དགོས།

 

གསུམ་པ། བྱེ་བྲག་ཉི་ཟླ་རི་བོའི་སྙན་ཚིག་ལ་དཔྱད་པ།


༡༽ སྤྱི་ཁོག་ཙམ་གྱི་འགྲེལ་བ།
བར་ཐག་གིས་བཅད་ནས་ན་ཟུག་བཞག་པའི་སྙན་ངག་འདི་ཐོག་མཐའ་བར་གསུམ་དུ་གྱེས་བྲལ་དང་དྲན་གདུང་གི་མནར་གཅོད་ཀྱིས་སྦྲེལ་ཡོད་ལ།གྱེས་གདུང་དེ་དག་གི་ཁྲོད་ན་རེ་སྒུག་གི་རྣམ་པ་ཞིག་ཀྱང་མངོན་ཡོད།རི་བོ་ཉི་ཟླ་ཟེར་བའི་མིང་ཐོགས་སྟངས་དེ་ཡང་དྲན་གདུང་དང་འབྲེལ་ནས་ཡོད་ལ། མེ་ལོང་བོར་བ་ཞེས་པས་གྱེས་གདུང་དང་དྲན་གདུང་ཞིག་མཚོན་པར་བྱས་ཡོད་ལ། གླང་རྫི་དང་འཐག་མཁན་བུ་མོའི་སྒྲུང་དེ་ཡང་དྲན་གདུང་དང་རེ་སྒུག་གི་སྐྱོ་གར་ཞིག་ལས་མ་འདས།
འགོ་བརྩམས་དུས་ནས་ཁྱེད་ཀྱི་མིང་ལ་ཉི་ཟླ་ཐོགས་པ་ནས་ཞེས་པས་སྙན་ངག་འདི་དྲན་གདུང་དང་རེ་སྒུག་གི་སྐྱོ་གར་རྨས་མ་ཞིག་གི་ན་ཟུག་གིས་བསླངས་པ་ཞིག་ཡིན་པ་རྟོགས་ཐུབ་ལ།དགུ་ཚིགས་ཀྱི་གཙང་པོས་བར་དུ་བཅད་པ་ཞེས་པས་དྲན་གདུང་དེ་བར་ཐག་ཅིག་གིས་སྤྲད་པ་གསལ་པོར་ཤེས་ཐུབ།ཟླ་འོད་ཀྱིས་ང་རང་ཕ་མཐའ་སྐྱེལ་བའི་དུས་སུའང་སྔོ་ཡོམ་ཡོམ་གྱི་ལྡོག་འབབ་གཙང་པོ་དེ་ཡང་ཡང་དྲན་ཞེས་པས་ཉིན་མོར་རྟ་ཁ་གློད་ནས་སྨོན་ལམ་བཏབ་པ་མ་ཟད།མཚན་གཞུང་དུའང་དྲན་གདུང་དེ་མ་ཐེག་པར་ལྷིང་ལ་འཇགས་པའི་ཟླ་འོད་འོག་ཏུ་ཁེར་རྐྱང་དུ་ཡིད་སེམས་གཙབས་པའི་གྱེས་གདུང་དེས་སེམས་པ་ཡོངས་སུ་མནན་ནས་གཉིད་ཀྱང་ཁུག་གྱི་མེད་པ་རྗེན་པར་བསྟན།མེ་ལོང་བོར་ས་ནས་ཁུ་སིམ་མེར་སྨོན་ལམ་བཏབ་མྱོང་ཕྱིར།ངས་རྒྱུན་དུ་ཉི་ཟླ་རི་བོའི་མཚམས་སྤྲིན་བརྗེད་ག་ལ་ནུས་ཞེས་པས་དྲན་གདུང་གི་སྐྱོ་བ་བསང་བྱེད་ཀྱི་མེ་ལོང་དེ་གས་ཆག་ཏུ་སོང་བ་ནས་གྱེས་གདུང་ཡོད་ཚད་ཁུ་སིམ་མེར་སེམས་སུ་སྦས་ནས་དྲན་གདུང་གིས་སེམས་པ་གསིལ་བའི་ས་གནས་དེར་ཁ་གྱེས་བ་དེ་ནམ་ཡང་དྲན་པའི་ཀློང་ནས་བོར་དུ་མེད་པ་དེ་གསལ་བོར་མངོན་ཡོད།ངས་ཀྱང་ཉི་ཟླའི་གོང་ཁ་རུ་རེ་སྒུག་གི་ཤུགས་གླུ་བླངས་བས་རྩོམ་པ་པོས་དྲན་གདུང་གི་ཁྲོད་ནས་རེ་སྒུག་ཤུགས་དྲག་ཤིག་གི་རྒྱང་འབོད་བྱས་པ་དང་།ཡིན་ནའང་ད་ལྟ་ཉི་ཟླ་གཉིས་ལྷན་འཛོམས་ཀྱི་སྐལ་བ་ཧ་ཅང་ཕྲ་བས། ངས་སྨོན་ལམ་འདེབས་པ་ནི་རི་བོ་ཁྱོད་ཁོ་ན་མིན་ཞེས་པས་ཡང་སྙིང་གི་དྲན་གདུང་དང་མཐའ་ཐུག་གི་རེ་སྒུག་དེ་རི་བོ་ཉི་ཟླས་བསླངས་བའི་ན་ཟུག་ལས་རིང་དུ་བརྒལ་ནས་བགྲང་བྱ་སུམ་ཅུ་ལྷག་ལ་དཔག་ཚད་ཀྱིས་རིང་དུ་བཀྱེད་ནས་སེམས་པ་རྨས་ཤིང་ལུས་པོ་མནར་ནས་ཤི་གསོན་གྱི་མཚམས་ལ་སྦྱར་བའི་བོད་མིའི་འུ་ཐུག་ཐབས་ཟད་ཀྱི་གནས་སྟངས་འོག་ནས་གཞིས་བྱེས་མཉམ་འཛོོམས་དང་རྒྱལ་པཎ་ལྷན་མཇལ་གྱི་རེ་སྒུག་དངོས་མ་དེ་མངོན་སུམ་དུ་མཚོན་ཡོད།
༢༽ བརྗོད་བྱ།
རི་བོ་ཉི་ཟླའི་མིང་ཐོགས་སྟངས་ནས་རྒྱ་བཟའི་མེ་ལོང་བོར་བ་དང་། གླང་རྫི་དང་འཐག་མཁན་བུ་མོ་བཅས་རྒྱབ་ལྗོངས་སུ་བྱས་ནས། དོན་དུ་དྲན་གདུང་ལས་ཀྱང་གཞིས་བྱེས་ཀྱི་གྱེས་གདུང་ངམ་དྲན་གདུང་མཚོན་པར་བྱས་ཡོད།[12]
༣༽ འབྲི་ཐབས་ཀྱི་སྒྱུ་རྩལ།
ཁོ་བོས་བསམས་པར་སྙག་ཚིག་འདི་ནི་གཅིག་སྡུད་ཀྱི་ནུས་པ་ཤུགས་ཆེ་ལ། མཆོངས་བསྐྱོད་ཀྱི་འབྲི་ཐབས་མངོན་གསལ་དུ་ཡོད་པ། བསྡུས་བརྗོད་ཀྱི་འབྲི་ཐབས་ཤུགས་ཀྱི་བསྟན་པ། ཡིད་གཟུགས་ཐར་ཐོར་དུ་བྲིས་ཀྱང་དོན་དུ་ཐམས་ཅད་གཅིག་ཏུ་འབབ་པ་བཅས་ཀྱི་ཁྱད་ཆོས་ལྡན།[13]
སྙན་ཚིག་འདི་ཚིག་ཉུང་ཡང་དོན་མང་པོ་འདུས་ཡོད་ལ། རི་བོ་ཉི་ཟླའི་མིང་ཐོགས་སྟངས་ནས་རྒྱ་བཟའི་མེ་ལོང་བོར་ཚུལ།གླང་རྫི་དང་འཐག་མཁན་བུ་མོའི་སྒྲུང་བཅས་བསྡུས་ནས་རིན་ཆེན་རིལ་བུའི་ནུས་པ་ལྟར་བྲིས་ཡོད།
སྙན་ཚིག་འདི་ནི་ལང་ཚོའི་རྦབ་ཆུའི་འབྲི་ཚུལ་ལྟར་ཕྱིའི་ཁོར་ཡུག་གི་མཛེས་ལྗོངས་ནས་རིམ་གྱིས་རྦབ་ཆུ་ཐག་ཇེ་ཉེ་རུ་ཕྱིན་ནས་རྦབ་ཆུའི་ཁྱད་ཆོས་དག་ཁ་ཇེ་གསལ་དང་གཏིང་ཇེ་གསལ་དུ་བྲིས་པ་ཞིག་གཏན་ནས་མ་ཡིན་པར།མཆོངས་བསྐྱོད་ཀྱི་རྣམ་པ་མངོན་སུམ་དུ་ཡོད།རི་བོའི་ཉི་ཟླའི་མིང་ཐོགས་སྟངས་ནས་དགུ་ཚིགས་ཀྱི་གཙང་པོས་བར་དུ་བཅད་པ་དང་། དེ་ནས་ཟླ་འོད་ཀྱིས་ང་རང་ཕ་མཐའ་སྐྱེལ་བ་ནས་ཁྲུང་ཁྲུང་སྐེ་རིང་དང་མཚུངས་པའི་རི་སྒང་དེའི་ཞོལ་དུ་ཞེས་པ་དང་། དེ་ནས་སླར་ཡང་སྔོ་ཡོམ་ཡོམ་གྱི་ལྡོག་འབབ་གཙང་པོ་དེ་དྲན་པས་མནར་པ།སྒམ་ལ་དཀྱེལ་ཆེ་བའི་བཙན་པོ་དང་གཡེར་བག་དང་ལྡན་པའི་རྒྱ་བཟའ་ཡང་ས་འདི་ནས་འཕྲད་པ་སྟེས་དབང་མིན་སོགས་སྙན་ཚིག་ཧྲིལ་བོ་ཚིག་རྐང་རེ་རེའི་བར་ན་ཕར་མཆོངས་ཚུར་མཆོངས་ཀྱི་རྣམ་པས་ཕར་བལྟས་པ་ཙམ་གྱི་འབྲེལ་མེད་དོན་གཞན་དང་རྙོག་འཛིང་རང་བཞིན་ཅན་ཞིག་ཡིན་ཡང་།ཁོ་ཚོ་ལ་གཞི་མཐུན་གྱི་ཆོས་ཤིག་ཐུན་མོང་གི་བསྟན་དོན་ཞིག་ཡོད་པས།གཞི་མཐུན་གྱི་ཆོས་དེ་རྙེད་ཐུབ་ན་ཁོ་ཚོའི་འབྲེལ་བ་རིམ་གྱིས་ལྕགས་ཐག་དགུ་སྒྲིལ་ལྟ་བུའི་སྙན་ངག་གསར་པ་དེ་གོ་ཐུབ་པའོ།།
སྙན་ཚིག་འདིའི་བརྗོད་བྱ་གཙོ་བོ་གཞིས་བྱེས་ཀྱི་གྱེས་གདུང་ངམ་དྲན་གདུང་དེ་མཚོན་ཡོད་ཀྱང་། སྙན་ངག་ཧྲིལ་བོའི་ཚིག་ངོས་ནས་བལྟས་ན་གཞིས་བྱེས་ཀྱི་གྱེས་གདུང་ངམ་དྲན་གདུང་མཚོན་ཚིག་ཟུར་ཙམ་ཡང་མེད། འདི་ཡང་བསྡུས་བརྗོད་ཀྱི་འབྲི་ཐབས་སྤྱད་ཡོད་པས་སོ།། དྲན་གདུང་རིམ་པ་དང་པོའི་ནང་དུ་སྔོ་ཡོམ་ཡོམ་གྱི་ལྡོག་འབབ་གཙང་པོ་ཡང་དྲན་པས་མནར་བ་དང་ཟླ་བའི་ཀློང་ན་དྲན་གདུང་གི་གླིང་བུ་དལ་གྱིས་འབུད་བཅས་གཉིས་ནས་སྙན་ཚིག་འདི་དྲན་གདུང་དང་འབྲེལ་བ་ཡོད་པ་བསྟན་ཡོད་ལ། སྤྱིར་གྱེས་པ་ལ་གཏན་དུ་གྱེས་པ་དང་གནས་སྐབས་ཀྱི་གྱེས་པ་གཉིས་ཡོད་ཀྱང་།དགུ་ཚིགས་ཀྱི་གཙང་བོས་བར་དུ་བཅད་དང་ངས་སྨོན་འདེབས་གཉིས་ཀྱི་ཚིག་ཤུགས་ལ་བལྟས་ན། དེ་ནི་གཏན་གྱི་གྱེས་པ་པ་ཞིག་མ་ཡིན་ལ། རྒྱུ་མཚན། གཏན་དུ་གྱེས་ཚར་དུས་སླར་ཡང་མཉམ་འཛོམས་ལ་སྨོན་ལམ་རྒྱག་མི་སྲིད་པ་དང་།གནས་སྐབས་ཀྱི་གྱེས་པ་ཡང་མ་ཡིན་ལ། རྒྱུ་མཚན། གནས་སྐབས་ཀྱི་གྱེས་པ་ཞིག་ལ་དགུ་ཚིགས་ཀྱི་གཙང་པོས་བར་དུ་བཅད་པ་ལྟ་བུའི་ཚིག་ཤུགས་ཆེན་པོ་ཞིག་མི་མཁོ་ལ། ལྷག་པར་དུ་སྨོན་ལམ་ཡང་འདེབས་དགོས་པའི་གནས་སྟངས་ཤིག་ཀྱང་མིན། དེ་ནི་གཞིས་བྱེས་ཀྱི་གྱེས་པ་ཡིན་ན། དགུ་ཚིགས་ཀྱི་གཙང་བོས་བར་དུ་བཅད་པ་དང་སྨོན་ལམ་འདེབས་པ།ལྷན་འཛོམས་ཀྱི་སྐལ་བ་ཧ་ཅང་ཕྲ་བ་བཅས་ནི་འོས་འཚམ་ཡིན་ལ།དོན་དངོས་དང་མཐུན་པ་ཞིག་ཡིན།དེ་ལྟར་ཚིག་གི་ངོ་གདོང་ཙམ་གྱི་གཞིས་བྱེས་ཀྱི་གྱེས་པ་ཡིན་པར་ར་མི་འཕྲོད་ན་ཡང་། ཚིག་གི་ཤུགས་དང་གནས་བབ་ལ་གཞིགས་ནས་བསམས་ན་བསྟན་དོན་དངོས་མ་དེ་རྟོགས་ཡོང་། དེ་ནི་བསྡུས་བརྗོད་འབྲི་ཐབས་ཀྱི་རྩལ་ཁྱད་དུ་བཏོན་ཡོད།
སྙན་ཚིག་འདི་རུ་དགུ་ཚིགས་ཀྱི་གཙང་པོས་བར་དུ་བཅད་པ། རྟ་ཁ་གློད་ནས་སྨོན་ལམ་བཏབ་པ།སྔོ་ཡོམ་ཡོམ་གྱི་ལྡོག་འབབ་གཙང་པོ་དྲན་པས་མནར། མེ་ལོང་བོར་བ། གླང་རྫི་དང་འཐག་བུ་མོ་ཟླ་བའི་ཀློང་ན་དྲན་གདུང་གི་གླིང་བུ་དལ་གྱིས་འབུད་པ། ངས་ཀྱང་ཉི་ཟླའི་གོང་ཁ་རུ་རེ་སྒུག་གི་ཤུགས་གླུ་གྱེར་བ།ངས་སྨོན་ལམ་འདེབས་པ་ནི་རི་བོ་ཁྱོད་ཁོ་ན་མིན་བཅས་ཡིད་གཟུགས་ཐར་ཐོར་གནས་པ་དག་གིས་མཐར་གཏུགས་ནས་བཤད་ན་འབབ་ས་གཅིག་གི་སྟེང་དུ་བབས་ཡོད་ལ། ཁ་བྲལ་བའི་གདུང་བ་དང་།ཕན་ཚུན་བར་ཐག་གིས་བཅད་ནས་ངོ་མ་འཕྲད་པའི་དྲན་པའི་གདུང་བའི་ཐོག་ན་ཡོད།
སྙན་ཚིག་འདི་རིམ་པ་གསུམ་གྱི་ཐོག་ནས་གོ་བ་ལེན་ཆོག་ལ།[14] རིམ་པ་དང་པོ་ནི་དྲན་པས་མནར། དྲན་གདུང་གི་གླིང་བུ་དལ་གྱིས་འབུད་ཅེས་པ་གཉིས་ནས་སྙན་ཚིག་འདི་ཐོག་མར་དྲན་པ་ཞིག་དང་འབྲེལ་བ་ཡོད་པ་གསལ་པོར་བསྟན་ནས་ཡོད་ལ། དེ་ནས་རིམ་གྱིས་མེ་ལོང་བོར་བ་དང་གླང་རྫི་དང་འཐག་མཁན་བུ་མོའི་སྒྲུང་གཉིས་ཀྱིས་དྲན་གདུང་དེ་ཁ་ཇེ་གསལ་དུ་བཏང་ཡོད་པ་དང་། རིམ་པ་གསུམ་པ་ནི། དགུ་ཚིགས་ཀྱི་གཙང་པོས་བར་དུ་བཅད་པ། རྒྱུན་དུ་རྟ་ཁ་གློད་ནས་སྨོན་ལམ་བཏབ་པ།རེ་སྒུག་གི་ཤུགས་གླུ་གྱེར་བ་བཅས་ཀྱིས་དྲན་པར་རམ་འདེགས་ཀྱིས་སྙན་ཚིག་ཧྲིལ་བོའི་བརྗོད་བྱ་འབུར་དུ་གཏོད་ཅིང་ཁ་གསལ་དུ་བཏང་བ། རིམ་པ་གསུམ་མམ་འཇིག་རྟེན་གསུམ་གྱི་འབྲི་ཐབས་འདི་ནི་སྲོལ་རྒྱུན་སྙན་ཚིག་གི་འབྲི་ཐབས་དང་མི་འདྲ་བའི་ཆ་དང་སྲོལ་རྒྱུན་སྙན་ཚིག་ལས་ཐོལ་བརྒལ་དུ་བྱས་ཡོད་པའི་རྟགས་མཚན་ཞིག་ཡིན།[15]

 བཞི་པ། མཇུག་གི་གཏམ།

ཉི་ཟླའི་རི་བོའི་སྙན་ཚིག་ཅེས་པའི་སྙན་ངག་འདི་ནི་བོད་ཀྱི་སྙན་ངག་གསར་བའི་འབྲི་ཐབས་ཀྱི་ཡ་གྱལ་ཏེ་ཡིད་གཟུགས་སྙན་ངག་གི་ཚབ་མཚོན་སྙན་ངག་ཅིག་ལ། [16]སྙན་ཚིག་འདི་ལ་གོ་བ་ལོན་པ་བརྒྱུད་ནས་ཡིད་གཟུགས་སྙན་ངག་གི་གོ་དོན་དང་འབྲི་ཐབས་བཅས་རགས་རིམ་ཙམ་ཞིག་སེམས་སུ་ངེས་ཡོང་ལ། ལྷག་པར་དུ། བོད་ཀྱི་སྙན་ངག་གསར་པའི་སྙན་ཚིག་གི་གོ་བ་ལེན་སྟངས་དང་བསམ་བློ་གཏོང་སྟངས་བཅས་ལ་ངེས་ཤེས་རྙེད་པར་རོགས་འདེགས་མི་དམན་པ་ཞིག་བྱ་ངེས།
བཙན་བྱོལ་སྤྱི་ཚོགས་སུ་བོད་ནང་གི་བྲིས་པའི་སྙན་ངག་གསར་པའི་རིགས་ལ་གོ་བ་ལོན་གྱི་མེད་ལ། འབྲི་ཐབས་གསར་པ་དེ་ནི་ཚིག་སྟོང་དོན་སྟོང་ཞིག་ཏུ་ངོས་འཛིན་མཁན་གྱི་མི་བུ་ཀླད་སྟོང་ཅན་དང་རང་ཤེད་ཅན་མང་ལ། དོན་ངོ་མས་སྙན་ངག་གསར་པ་ནི་སྲོལ་རྒྱུན་སྙན་ངག་དང་མི་འདྲ་ས་ཡང་བརྗོད་བྱ་ཐད་ཀར་དཔེ་རྒྱན་དང་གཟུགས་རྒྱན་སོགས་ཀྱི་ལམ་ནས་མི་སྟོན་པར།སྒྱུ་རྩལ་གྱི་ཐབས་ལམ་གཞན་ཞིག་སྤྱད་ནས་ཚིག་ཉུང་དོན་འདུས་ཀྱི་འབྲི་སྟངས་ཤིག་སྤྱད་པ་དེ་ལ་གོ་ན་འཐུས།
སྙན་ངག་ནི་ཚིག་སྙན་ཞིང་རྣ་བར་འཇེབས་པ་ཙམ་ལ་གོ་ན་གཏན་ནས་མི་འགྲིག་པར་དེ་ནི་ཚད་མཐོ་བའི་སྐད་ཆའི་སྒྱུ་རྩལ་ཞིག་ལས་མ་འདས། ཚིག་གི་སྙན་འཇེབས་ཙམ་གོ་བ་ཡིན་ན་སུམ་རྟགས་ཀྱི་རྩ་བ་ཡང་སྙན་ངག་ཏུ་བགྲང་དགོས་པ་སྙམ། སྙན་ངག་མེ་ལོང་མའི་མེ་ལོང་ནས་ཚངས་མགུར་སྙན་ངག་ཏུ་མ་མཐོང་ཡང་སྙན་ངག་གསར་པའི་ལུགས་ལ་དེ་ནི་སྙན་ངག་ཅིག་ཏུ་ངོས་འཛིན་བྱེད་པ་དེ་ཡང་མཐར་གཏུགས་ན།སྙན་ངག་ནི་ཚིག་རྒྱན་ཙམ་ལ་མ་གོ་བར་སྐད་ཆའི་སྒྱུ་རྩལ་ལ་གོ་བ་ཡིན་པས་སོ།།

ཟུར་ལྟའི་དེབ་དུས་བརྙན་གསུམ།

༡༽ མི་རབས་གསུམ་པ། སྤྱིའི་དེབ་གྲངས་བཞི་པ། རྒྱལ་སྤྱིའི་དཔེ་ཀློག་དཔར་བསྐྲུན་ཁང་ནས།
      ༼ ༢༠༡༣ ལོའི་ཟླ ༨ པར༽
༢༽ ལྕགས་རྡོར་རྒྱལ་གྱིས་བརྩམས་པའི་བོད་ཀྱི་དེང་རབས་སྙན་ངག་རིག་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས།
      ༼ ༢༠༡༣ ལོའི་ཟླ ༡ པོར་དཔར།༽
༣༽ རྩོམ་རིག་རྒན་ཨ་འཇམ་གྱིས་བརྩམས་པའི་སྙན་ངག་ལ་འཇུག་པའི་སྒོ།  ཏཱ་ལའི་བླ་མ་མཐོ་སློབ་ནས།
       ༼ ༢༠༡༠ ལོའི་ཟླ ༨ པར་ཐེངས་དང་པོར་དཔར།༽
༤༽ གངས་རྒྱན་མེ་ཏོག། སྤྱིའི་དེབ་གྲངས་བདུན་ཅུ་པ། མཚོ་སྔོན་ཉིན་རེེའི་གསར་འགྱུར་པར་ཁང་གིས་དཔར།
      ༼ ༢༠༠༧ ལོའི་འདོན་ཐེངས་ ༣༽
༥༽ རྩོམ་རིག་སློབ་དཔོན་བདུད་ལྷ་རྒྱལ་གྱི་ནུབ་བྱང་མི་རིགས་སློབ་གླིང་གི་རྩོམ་རིག་འཆད་ཁྲིད་ཀྱི་སྒྲ་ཐག་དང་
      བརྙན་འཁོར་ནས།
 
 
 
 
 


[1] རྒན་ཨ་འཇམ་གྱིས་བརྩམས་པའི་རྩོམ་རིག་ལ་འཇུག་པའི་སྒོ། ཤོག་གྲངས་ ༣ པར་གསལ།
[2] རྩོམ་རིག་རྒན་ཨ་འཇམ་གྱི་སློབ་ཁྲིད་ཀྱི་ཟིན་བྲིས་ལས་དྲངས།
[3] གངས་རྒྱན་མེ་ཏོག། ༢༠༠༧ ལོའི་འདོན་ཐེངས་༣ པའི་ཤོག་གྲངས ༤༩ སྟེང་གི་དཔལ་ལྡན་གྱི་ཕྱིར་རྟོག་དང་འཚོལ་སྙེག་ལས་དྲངས།
[4] ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་རྩོམ་རིག་སློབ་དཔོན་བདུད་ལྷ་རྒྱལ་གྱི་ཚིག་གཡར།
 
 
[5] ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་རྩོམ་རིག་སློབ་དཔོན་བདུད་ལྷ་རྒྱལ་གྱི་ཚིག་གཡར།
[6] ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་རྩོམ་རིག་སློབ་དཔོན་བདུད་ལྷ་རྒྱལ་གྱི་ཚིག་གཡར།
 
[7] རྩོམ་རིག་རྒན་ཨ་འཇམ་གྱི་སློབ་ཁྲིད་ཀྱི་ཟིན་བྲིས་ལས་དྲངས།
[8] རྩོམ་རིག་རྒན་ཨ་འཇམ་གྱི་སློབ་ཁྲིད་ཀྱི་ཟིན་བྲིས་ལས་དྲངས།
[9] ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་རྩོམ་རིག་སློབ་དཔོན་བདུད་ལྷ་རྒྱལ་གྱི་ཚིག་གཡར།
 
[10] ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་རྩོམ་རིག་སློབ་དཔོན་བདུད་ལྷ་རྒྱལ་གྱི་ཚིག་གཡར།
 
 
[11] ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་རྩོམ་རིག་སློབ་དཔོན་བདུད་ལྷ་རྒྱལ་གྱི་ཚིག་གཡར།
 
 
[12] ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་རྩོམ་རིག་སློབ་དཔོན་བདུད་ལྷ་རྒྱལ་གྱི་ཚིག་གཡར།
 
 
[13] རྩོམ་རིག་རྒན་ཨ་འཇམ་གྱི་སློབ་ཁྲིད་ཀྱི་ཟིན་བྲིས་ལས་དྲངས།
[14] ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་རྩོམ་རིག་སློབ་དཔོན་བདུད་ལྷ་རྒྱལ་གྱི་ཚིག་གཡར།
 
 
[15] ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་རྩོམ་རིག་སློབ་དཔོན་བདུད་ལྷ་རྒྱལ་གྱི་ཚིག་གཡར།
 
 
[16] ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་རྩོམ་རིག་སློབ་དཔོན་བདུད་ལྷ་རྒྱལ་གྱི་ཚིག་གཡར།
 
 

ཀློགས་གྲངས། 2261 ..
སེམས་གསོན་པོ།

སེམས་ནས་རྒྱང་དུ་ཆས་པའི་ཚེ་སྲོག་གི་གཏམ་རྒྱུད།

དྲ་རྒྱ། gurgonkyab.wordpress.com
ནང་འཛུལ་བྱས་ཏེ་ཀློག་མཆན་སྤེལ།