གསར་སྤེལ་ཟིན་བྲིས།

གཟའ་པ་སངས།, 22 /01/ 2016 10:17

ས་ལན་གྲུ་བརྒྱུད་ནས་འགྲོ་དུས།

ཟིན་བྲིས་པ། 
ཀློག་པ་པོས་རྩོམ་ཡིག་ལེགས་འདེམས་བྱེད་གནས།
(3 འོས་གྲངས།)
བྱ་གཞུང་ལྷ་རྒྱལ་འབུམ། ཉི་ཧོང་།
ལན་གྲུའི་ཀྲོང་ཁྲོན་གནམ་གྲུའི་འབབ་ཐང(兰州中川机场)་ལས་སྒོར་འབུད་ཁར། ངས་ལས་བཟོ་བའི་ལྭ་བའམ་དམག་ལྭ་གྱོན་པའི་སྐྱེས་པ་ཞིག་ལ་རྒྱ་སྐད་ཀྱིས་གནམ་ཐང་གི་སྤྱི་སྤྱོད་རླངས་འཁོར་(机场大巴)ལ་སྒུག་ས་གང་རེད་ཅེས་དྲིས་པ་ན། མི་དེས་ཁ་མི་གྲག་པར་གཡོན་ཕྱོགས་སུ་མཆུ་སྟོན་ཞིག་བྱས་སོང་། ང་དགོད་ཙམ་བྱས་རྗེས་མི་དེའི་མཆུ་ཏོས་སྟོན་ས་དེར་སོང་ནས་གནམ་ཐང་གི་སྒོར་བུད་པ་ཡིན། སྒོར་བུད་མ་ཐག་རྒྱ་མི་ངོ་མི་ཤེས་པ་ཞིག་རྒྱུགས་འོངས་ནས་ལག་གཡས་པས་ངའི་ལག་གི་དངོས་པོ་ལེན་པ་དང་ལག་གཡོན་པས་ངའི་གྲུ་ཁུགས་ནས་བཟུང་ཏེ་གྲོང་ཁྱེར་ནང་ལ་འགྲོའམ།(去市内吗?) གྲོང་ཁྱེར་ནང་ལ་འགྲོའམ།(去市内吗?)
ཞེས་བཤད་ཞོར་ལམ་འགྲམ་དུ་སྡོད་པའི་གླ་གཏོང་རླངས་འཁོར་ཞིག་གི་ཕྱོགས་སུ་འཐེན། དུས་དེར་ང་རང་དངངས་མ་སྐྲག་གིས་མི་འགྲོ། མི་འགྲོ་ཞེས་ལན་ལྡོན་ཞོར་གཡས་གཡོན་ལ་བལྟས་པ་ན། ད་ཅིའི་གནམ་གྲུ་ལས་བབས་མ་ཐག་པའི་མི་གཅིག་ཅན་དང་གཉིས་ཅན་གྱི་འགྲུལ་བ་དེ་དག་ཀྱང་གླ་གཏོང་རླངས་འཁོར་གྱི་ཁ་ལོ་བ་ཡིན་པ་འདྲ་བ་དག་གིས་ཕར་བསྐོར་ཚུར་བསྐོར་བྱེད་གིན་འདུག ངས་མི་དེ་ལ་ང་རང་འབབ་ཐང་གི་སྤྱི་སྤྱོད་རླངས་འཁོར་(机场巴士)ལ་འདུག་རྩིས་ཡོད་ཅེས་བཤད་དེ་གཡོན་ཕྱོགས་སུ་མི་མང་པོ་ལངས་ཡོད་པ་དེར་སོང་བ་ན། མི་དེས་ངའི་དངོས་པོ་ཐང་ལ་གཡུགས་ཏེ་རྗེས་ན་་ཡོང་གིན་པའི་བུ་མོ་རྐང་ཐུང་གྱོན་པ་དེའི་སྔུན་ལ་རྒྱུགས་སོང་།
  འབབ་ཐང་གི་སྤྱི་སྤྱོད་རླངས་འཁོར་ཐོན་མ་ཐག་ང་རང་གྲལ་བསྒྲིགས་མེད་པའི་མི་དེ་དག་གི་ཆེས་མཐའ་མར་བསྡད་ནས་རླངས་འཁོར་ནང་ལ་འགོ་རྩིས་བྱེད་སྐབས།  རླངས་འཁོར་གྱི་སྒོ་ཁར་སྡོད་པའི་རྒྱ་མོ་ཞིག་གིས་སྐད་འཛེར་འཛེར་གྱིས་སྤ་སེ་ཉོས་ཡོད་དམ་ཟེར། འོ་ཉོས་མེད། མི་གཅིག་ལ་ག་ཚོད་རེད་ཅེས་དྲིས་ནས་སྒོར་ཁུག་ལེན་རྩིས་བྱས་པ་ན། འདོད་ལ་མི་འདོད་པའི་ངང་ངའི་རྒྱབ་ཕྱོགས་སུ་མཛུབ་མོས་བསྟན་ཏེ་ཞབས་ཞུ་སྟེགས་བུའི་སྒང་ནས་སྤ་སེ་ཉོས་ཤོག་ཅེས་བཤད་རྗེས་ཁ་ཡ་ཙམ་ཡང་མི་བྱེད་པར་རླངས་འཁོར་གྱི་སྒོ་བརྒྱབ་ནས་ཤུར་སེ་བུད་སོང་། ངའི་སེམས་ལ་ཞབས་ཞུའི་རྣམ་འགྱུར་མ་གཏོགས་རྒྱ་ནང་གི་རླངས་འཁོར་དག་ཀྱང་དུས་ཚོད་ལྟར་ཐོན་ནས་དུས་ཚོད་ལྟར་ལམ་ལ་ཆས་བཞིན་འདུག་ཨང་སྙམ་ཞིང་། རང་ཉིད་ལ་ལེ་བདའ་ཙམ་བྱས་རྗེས་ཁ་ཕྱིར་འཁོར་ནས་སྤ་སེ་ཉོ་བར་བྲེལ།
འབབ་ཐང་གི་སྤྱི་སྤྱོད་རླངས་འཁོར་གྱིས་ང་རང་གྲོང་དབུས་སུ་བསྐྱུར་རྗེས། ངས་གླ་གཏོང་རླངས་འཁོར་ཞིག་ལ་སྒོར་བཞི་བཅུ་བྱས་ཏེ་ང་ལན་གྲུའི་ནུབ་ཕྱོགས་ས་ཚུགས་(兰州西站)ལ་འགྲོ་རྒྱུ་ཡིན་ཞེས་ཁ་ལོ་བར་བཤད་པ་ཡིན་མོད། དྲུད་ནས་ཐག་ཉེ་སའི་ཤར་ཕྱོགས་ས་ཚུགས་(东站)ལ་གཡུགས། དེར་མ་ཟད། འདི་ནུབ་ཕྱོགས་ས་ཚུགས་(西站)རེད་ཟེར།
  ང་རང་ལན་གྲུ་ལ་ཐེངས་གཅིག་ཀྱང་ཡོང་མ་མྱོང་སྟབས། ལན་གྲུ་གྲོང་ཁྱེར་ནས་མེ་འཁོར་ས་ཚུགས་མ་བཤད། ཤར་ནུབ་ཀྱི་ཁ་ཕྱོགས་ཀྱང་ངོས་ཟིན་དཀའ་ཚོད་རེད། མེ་འཁོར་ས་ཚུགས་ཀྱི་ཀླད་ནའང་兰州ཞེས་རྒྱ་ཡིག་དམར་པོའི་ཡིག་འབྲུ་ཆེན་པོ་གཉིས་མ་གཏོགས་ལམ་སྟོན་བྱས་ཆོག་པའི་ཡི་གེའམ་རྟགས་ཅི་ཡང་མིག་གིས་མཐོང་མ་བྱུང་། སྤ་སེ་ཉོས་རྗེས་སེམས་ཅུང་བདེ་བོ་ཞིག་མིན་པས་དེར་འགྲེང་བའི་དམག་མི་ཞིག་ལ་འདི་ནུབ་ཕྱོགས་ས་ཚུགས་ཨེ་རེད། ང་རང་ཟི་ལིང་ལ་འགྲོ་མཁན་ཞིག་ཡིན་ཞེས་སྤ་སེ་བསྟན་ནས་དྲིས་པ་ན། འདི་མ་རེད། འདི་ཤར་ཕྱོགས་ས་ཚུགས་རེད། འདི་ནས་ནུབ་ཕྱོགས་ས་ཚུགས་ལ་གླ་གཏོང་རླངས་འཁོར་གྱིས་སྐར་མ་སུམ་ཅུ་ཡས་མས་སུ་འགྲོ་དགོས། སྤྱི་སྤྱོད་རླངས་འཁོར་ལ་འདུག་ན་གཡས་ཕྱོགས་ཀྱི་རླངས་འཁོར་དང་པོར་བསྡད་ན་ཐོན་ཐུབ་མོད། དུས་ཚོད་ངེས་ཅན་ཞིག་དགོས་པས་གླ་གཏོང་རླངས་འཁོར་ལ་བསྡད་ན་ཟི་ལིང་ལ་འགྲོ་བའི་ཆེས་མཐའ་མའི་མེ་འཁོར་གྱི་རྗེས་ཆོད་རྒྱུ་རེད་ཟེར། ད་བཟོད་སྔོན་གྱི་ཁ་ལོ་བ་དེས་ང་ལ་མགོ་སྐོར་བཏང་སོང་བ་ཤེས་ནའང་། ངས་དམག་མི་དེ་ལ་བཀའ་དྲིན་ཆེ་ཞེས་ཞུས་རྗེས། དུས་ཚོད་མི་འདང་བ་དང་ཉི་མ་ནུབ་ལ་ཉེ་བ་སོགས་ལ་རྐྱེན་བྱས་ཏེ་ཡང་བསྐྱར་ལན་གྲུའི་ནུབ་ཕྱོགས་ས་ཚུགས་ལ་འགྲོ་བའི་གླ་གཏོང་རླངས་འཁོར་ཞིག་བཙལ་བ་ཡིན།
2015.9.30ཉིན་ཐོ་ཞིག་གི་དོད་དུ།
ཀློགས་གྲངས། 745 ..
བྱ་གཞུང་ལྷ་རྒྱལ་འབུམ།

རྩོམ་ཡིག་འབྲི་བ་ནི་ཆེད་ལས་མིན་དགའ་ཕྱོགས་ཏེ། དགའ་ཕྱོགས་འདི་ཡང་འཚོ་བའི་གྲུབ་ཆ་གལ་ཆེན་ཞིག་གོ།

ནང་འཛུལ་བྱས་ཏེ་ཀློག་མཆན་སྤེལ།