གསར་སྤེལ་ཟིན་བྲིས།

གཟའ་སྤེན་པ།, 11 /02/ 2017 17:03

སྒྲོལ་དཀར་མཚོ། ངས་ཁྱེད་རང་ཧ་ཅང་དྲན་བཞིན་འདུག

ཟིན་བྲིས་པ། 
ཀློག་པ་པོས་རྩོམ་ཡིག་ལེགས་འདེམས་བྱེད་གནས།
(0 འོས་གྲངས།)
སྒྲོལ་དཀར་མཚོ། ངས་ཁྱེད་རང་ཧ་ཅང་དྲན་བཞིན་འདུག


---མགལ་དུམ།
སྒྲོལ་དཀར་མཚོ། རང་ཉིད་ཆེས་སྣང་བར་འགྲོ་བའི་མི་ནི་རང་ཉིད་ཀྱི་ཡོད་ཚད་དེ་ཡིན་ཞེས་འགྲེལ་ཆོག་པས། ང་ལ་མཚོན་ནའང་རང་ཉིད་ཀྱི་སྙིང་ལ་ཟུག་པའི་མི་དེ་རང་ཉིད་ཀྱི་དབང་པོའི་ཆ་ཤས་ཤིག་དང་འདྲ་བར་འགྲམ་དུ་མེད་ན་ལུས་སེམས་གཉིས་ཀ་སྟོང་པ་སྟོང་པ་ཞིག་རེད་འདུག

སྒྲོལ་དཀར་མཚོ། ད་ལྟ་ང་ཧ་ཅང་ལྷིང་འཇགས་པའི་གཙང་བོ་"སྒྲ་ལེཎ་"གྱི་འགྲམ་ན་ཡོད། རྐང་པ་གཉིས་ཆུ་ནང་དུ་བཞག་ཅིང་བརྩེ་སེམས་ལ་འཛད་མཐའ་མེད་ཅེས་པའི་saxརོལ་དབྱངས་ཤིག་ལ་ཉན་བཞིན་བསྡད་ཡོད། ཁོར་ཡུག་འདི་ཧ་ཅང་གི་ལྷིང་འཇགས་རེད་འདུག གཙང་ངོས་ན་གོ་གྲུ་གཏོང་མཁན་གྱི་རྒད་པོ་འགའ་རེ་དང་གཙང་འགྲམ་ལ་ཞེན་པ་གཏིང་ནས་ཆགས་པའི་འདབ་ཆགས་ཁ་ཤས་ལས་ཅི་ཡང་མཐོང་རྒྱུ་མི་འདུག  འོ་རེད། གཙང་བོའི་ཕ་རོལ་གྱི་རྐུབ་སྟེགས་སུ་ན་གཞོན་ཕོ་མོ་གཉིས་མིན་འགྲོ་བསམ་སྤྱད་ཀྱི་མི་གཉིས་ཀྱིས་ཅི་ཞིག་བཤད་བཞིན་པའི་རྣམ་པ་ཞིག་ཀྱང་འདུག  དེ་འུ་གཉིས་ཀས་ཕན་ཚུན་ལ་སྨོན་པ་གྲངས་མེད་བརྒྱབ་མྱོང་སའི་རྐུབ་སྟེགས་དེ་མ་རེད། དེའི་ཡར་ནང་ནའང་དེ་འདྲའི་རྐུབ་སྟེགས་ཤིག་འདུག  དེ་རིང་ང་སྔོན་ཆད་འུ་གཉིས་ཀས་གཙང་བོའི་ཕྱོགས་ཤིག་ལ་བལྟས་མྱོང་སའི་ཕྱོགས་དེ་ན་ཡོད། ཕྱོགས་དེ་ནས་ཕྱིར་འུ་གཉིས་ཀ་བསྡད་སའི་རྐུབ་སྟེགས་སུ་བལྟ་བཞིན་ཡོད། ང་རྐུབ་སྟེགས་སུ་འགྲོ་མ་ཕོད་ཐལ། ཁྱེད་རང་མེད་པའི་རྐུབ་སྟེགས་ནི་ཧ་ཅང་གི་སྟོང་པ་ཞིག་མིན་འགྲོ་སྙམ་ནས་ང་དེ་རུ་འགྲོ་ཕོད་མ་སོང་། དེ་བས་འུ་གཉིས་ཀ་སྔོན་ཆད་འགྲོ་མྱོང་སའི་ཕྱོགས་ལ་རྒྱང་ལྟ་བྱེད་བཞིན་ཡོད། དེ་ནི་ཁྱེད་ལ་བལྟས་པ་དང་འདྲ་སྟེ། སླར་ཡང་ངའི་མིག་ལམ་དུ་གློག་བརྙན་བཞིན་ཤར་ཡོང་བ་ནི། འུ་གཉིས་ཀ་སོང་བའི་དགོང་མོ་དེར་ཁྱེད་ཀྱིས་བབ་ཆགས་པོའི་ངང་མགོ་བོ་སྒུར་ཙམ་གྱིས་སྙིང་གཏམ་བརྗོད་ཅིང་མཚམས་མཚམས་སུ་ང་ལ་འཐམས་ཏེ་འཇམ་པོའི་འོ་རེ་བསྐྱལ་བའི་རྣམ་པ་ཤ་ཚ་མོ་དེ་རེད་འདུག  དགོང་མོ་དེར་ད་དུང་གཙང་ངོས་སུ་ཟླ་འོད་འཕྲོས་ཡོད་པ་མ་རེད་པས། སྐབས་དེ་ནས་བཟུང་སྟེ་ཟླ་རེ་རེའི་ཉི་མ་དེ་ནམ་ཡིན་ལ་འུ་གཉིས་ཀས་གཙང་བོའི་འགྲམ་གྱི་དགོང་མོ་དེ་དྲན་གསོ་བྱས་དང་བྱེད་བཞིན་ཡོད་པ་རེད། བརྩེ་དུང་ནི་མི་སེམས་ལ་བདེ་བ་སྟེར་བའི་ལྷིང་འཇགས་ཀྱི་གཙང་བོ་ཞིག་ཡིན་པར་སྨོན་ལམ་བཏབ་དང་འདེབས་བཞིན་ཡོད་པ་རེད། འུ་གཉིས་ཀས་མི་ཚེ་ནི་ཐུང་ཐུང་ཞིག་ཡིན་པར་རྩིས་བརྒྱབ་ཅིང་འཆམ་མཐུན་གྱི་མཚོ་བ་ནི་ཧ་ཅང་གི་གལ་ཆེན་པོ་ཞིག་ཡིན་པར་སོན་དེད་དེ་ཟླ་རེར་འུ་གཉིས་ཀའི་བརྩེ་དུང་གིས་འུ་གཉིས་ཀར་སྤྲད་པའི་བདེ་བ་དང་རིན་ཐང་གླེང་དང་གླེང་མུས་ཡོད་རེད། སྒྲོལ་དཀར་མཚོ། ད་ལྟ་ཁྱེད་རང་གང་དུ་ཡོད། ངས་ཁྱེད་ལ་ང་"སྒྲ་ལེཎ"གཙང་བོའི་ཁར་འགྲོ་བཞིན་ཡོད་ཅེས་བཤད་ནུས་མ་སོང་། ཁྱེད་ཀྱིས་ང་ཧ་ཅང་དྲན་རྒྱུ་ཡིན་པ་ཤེས་སོང་། ཁྱེད་ཀྱིས་ང་དྲན་ན་འགྲིག་མོད། ཁྱེད་རང་དྲན་གདུང་གིས་མནར་ན་ལར་ནས་འགྲིག་གི་མེད། དེ་ངའི་དམིགས་བྱ་མིན་ལ། རེ་བའང་མིན།

སྒྲོལ་དཀར་མཚོ། ངས་ཁྱེད་རང་ཧ་ཅང་དྲན་བཞིན་འདུག འཛུམ་བག་དང་བརྩེ་སེམས་ལྡན་པའི་ཁྱེད་རང་ཧ་ཅང་དྲན་བཞིན་འདུག   བོད་མི་འགས་ཆོལ་ཁ་ཅིག་ཅིག་དང་ཆོས་ལུགས་ཉིག་ཉིག   ཅིག་གི་ཞབས་འདྲེན་དང་ཉིག་གི་རྒྱུགས་ཁྱི། ཅིག་གི་གསང་མྱུལ་དང་ཉིག་ཕོགས་གཟན་ཞེས་ནང་འཁྲུག་གི་མདུང་ཁ་རྣོ་ནས་རྣོ་རུ་འགྲོ་བཞིན་པའི་སྐབས་འདིར་ངས་ཁྱེད་རང་ཧ་ཅང་དྲན་བཞིན་འདུག  སྨྲ་བ་ཉུང་ཞིང་ནན་ཏན་ཡིན་པའི་ཁྱེད་རང་ཧ་ཅང་དྲན་པ་ལ་ཚོད་ཅིག་མི་འདུག་ལ། བློ་རྒྱ་ཡངས་ཤིང་ཕུགས་འདུན་ཟབ་པའི་ཁྱེད་ཉིད་དྲན་པ་ལ་འཇགས་ཐབས་ཤིག་མི་འདུག   འུ་གཉིས་ཀའི་མ་འོངས་པ་ནི་བུ་ཕྲུག་གི་མ་འོངས་པ་དང་བོད་ཀྱི་མ་འོངས་པ་ཡིན་ཙང་། ཁོར་ཡུག་གང་དུ་བསྡད་ཀྱང་ཧ་ཅང་གཟབ་ནན་དང་གྲུང་པོ་མ་བྱས་ན་ནམ་ཞིག་འུ་གཉིས་ཀའང་བོད་ཀྱི་མ་འོངས་པར་ཞབས་འདེགས་མེད་པར་ཞབས་འདྲེན་ཞུ་མཁན་གྱི་ནད་པ་དག་གི་གྲས་སུ་འགྲོ་ཉེན་ཆེ་ལ། ཁ་ཤས་ཀྱིས་བཙན་གྱིས་ཁྲིད་འགྲོ་གཤིས་ཀྱང་ཆེ། འུ་གཉིས་ཀས་སྔ་ཆད་ཀྱང་ཆོས་ལུགས་དང་ཆོལ་ཁ་གླེང་མྱོང་མེད་ལ། ཕྱིན་ཆད་ཀྱང་གླེང་དགོས་དོན་མེད། འུ་གཉིས་ཀས་དཔྲལ་བ་རུ་ཡོད་པའི་བོད་ཅེས་པའི་ཐ་སྙད་གཟི་བྱིན་པ་དེ་བརླག་ཏུ་མ་བཅུག་ན་ཆོག་པ་ལས་ཆོལ་ཁ་དང་ཆོས་ལུགས་ཞེས་པའི་མིང་ཚིག་ནད་པ་དག་བཙན་གྱིས་བརྐོས་ཏེ་ངལ་བ་ལྷག་མ་ཞིག་བརྟེན་དགོས་དོན་ཡོད་མ་རེད། སྒྲོལ་དཀར་མཚོ། ངས་ཁྱེད་རང་ཧ་ཅང་དྲན་བཞིན་འདུག   དགྲ་གྲོགས་ཀྱི་དབྱེ་བ་ཤེས་ཤིང་བདེན་པ་ལ་དད་གུས་ཆེ་བའི་ཁྱེད་རང་ཡིད་ནས་བརྗེད་ཐབས་ཤིག་མི་འདུག   ཐ་ན་བྲེལ་བ་ཚ་བོ་ཡིན་དུས་ཀྱང་དྲན་བཞིན་འདུག 

སྒྲོལ་དཀར་མཚོ། ད་ཉི་མའང་ནུབ་རིའི་ཕྱོགས་ནས་ཡལ་གྲབས་འདུག. ང་ཡང་ཕྱིར་རང་གི་གནས་མལ་ལ་ལོག་འགྲོ། ཉིན་གཉིས་ཀྱི་རྗེས་ནས་ང་སླར་ཡང་"སྒྲ་ལེཎ་གཙང་བོའི་འགྲམ་ལ་ཡོང་རྩིས་ཡིན། ཉི་མ་དེ་ནི་ངས་མ་འགྲེལ་ཡང་ཁྱེད་ཀྱིས་མཁྱེན་ངེས་རེད། དེ་དུས་བསྐྱར་དུ་ངས་ཁྱེད་རང་འབྲི་ཆོག་ལ། འུ་གཉིས་ཀའི་བརྩེ་དུང་འཚོ་བ་གླེང་ཆོག  ད་བདེ་མོ། སྒྲོལ་དཀར་མཚོ། ངའི་སེམས་པའི་གཏིང་ན་བག་ལ་ཉལ་བའི་སྒྲོལ་དཀར་མཚོ། གནས་སྐབས་བདེ་མོ་ཨ།

༢༠༡༧/༢/༡༡ཉིན།
ཀློགས་གྲངས། 166 .. མཐའ་མའི་བཟོ་བཅོས། གཟའ་སྤེན་པ།, 11 /02/ 2017 17:11
མགལ་དུམ།

བོད་ཀྱི་མེ་ཕུང་།

དྲ་རྒྱ། ཨ་མའི་སེམས་ཀྱི་མར་ལོ།
སྡེ་ཚན་ནང་དུ་ད་དུང་ཡོད། « ས་ལན་གྲུ་བརྒྱུད་ནས་འགྲོ་དུས།
ནང་འཛུལ་བྱས་ཏེ་ཀློག་མཆན་སྤེལ།