གསར་སྤེལ་ཟིན་བྲིས།

གཟའ་སྤེན་པ།, 03 /08/ 2013 11:49

“བོད་ཀྱི་ཟིན་བྲིས་” དྲ་བ་སྒོ་འབྱེད་ཀྱི་གཏམ།

ཟིན་བྲིས་པ། 
ཀློག་པ་པོས་རྩོམ་ཡིག་ལེགས་འདེམས་བྱེད་གནས།
(1 འོས།)
གཅིག མི་ཆེན་ཚོའི་ཁ་ཐོག་ལྕེ་ཐོག་གི་བོད་ཀྱི་སྐད་ཡིག
བཀའ་བློན་ཚོ། སྤྱི་འཐུས་ཚོ། གཞིས་མགོ་ཚོ། སློབ་སྤྱི་ཚོ། བཙན་བྱོལ་གྱི་མཐོ་མཐོ་དྲག་དྲག་གི་མི་སྣ་སུའི་ཁ་ན་བོད་སྐད་ཡིག་གི་ལས་དབང་གླེང་གིན་མེད་དམ། ང་སློབ་གྲྭར་ཡོད་སྐབས་མི་སྣ་དྲག་རུ་དྲག་ཚད་སློབ་གྲྭར་ཡོང་། གར་སྟེགས་སྟེང་ནས་ཁ་མར་འཁོར་སྟེ། སྐད་གསེང་མཐོན་པོས་ “སློབ་ཕྲུག་ཚོ། ཁྱེད་རང་ཚོ་མ་འོངས་པའི་བོད་ཀྱི་སོན་རྩ་རེད། མ་འོངས་པའི་བོད་ཀྱི་བདག་པོ་རེད། བོད་ཀྱི་སྐད་ཡིག་ལ་བདག་པོ་རྒྱག་མཁན་ཡོད་ན་མེད་ན་ཁྱེད་ཚོ་རེད། ཤུགས་རྒྱོབས་ཨ།” ཅེས་བརྗོད་དུས་ངོ་མ་གཞན་དང་མི་འདྲ་བའི་བརྗིད་ཉམས་ཤིག་ཡོད་ལ། སློབ་ཁང་ཧྲིལ་བོ་སློབ་ཕྲུག་བརྒྱ་སྟོང་གི་ཐལ་མོ་རྡེབ་སྒྲས་ཁེངས་འགྲོ
ཁོང་ཚོས་ད་དུང་མུ་མཐུད་དེ་མགོ་བོ་ཕར་དགྱེ་ཚུར་དགྱེ་བྱེད་ཙམ་གྱིས་ “སློབ་ཕྲུག་ཚོ། ད་ལྟ་ཕར་ཕྱོགས་ན་རྒྱ་ནག་གིས་བོད་མི་རིགས་རྩ་མེད་གཏོང་གིན་ཡོད་པ་རེད། བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་གཏོང་གིན་ཡོད་པ་རེད། བོད་ཀྱི་སྐད་དང་ཡི་གེ་རྩ་མེད་གཏོང་གིན་ཡོད་པ་རེད། བོད་ཀྱི་ཡ་རབས་བཟང་སྤྱོད་རྩ་མེད་གཏོང་གིན་ཡོད་པ་རེད། དེར་བརྟེན། ཁྱེད་ཚོ་མ་འོངས་པའི་བོད་མི་རིགས་ཀྱི་བདག་པོ་ངོ་མ་ཡིན་པས་བོད་མི་རིགས་རང་གི་སྐད་དང་ཡི་གེ་སྦྱོང་ཤོག་ཨ།” སླར་ཡང་ཐལ་མོ་རྡེབ་སྒྲས་ཚོགས་ཁང་ཁེངས་འགྲོ
ཡིན་ནའང་། མཐོ་མཐོ་དྲག་དྲག་གི་སྐུ་སྲས་དག་གིས་གནས་གང་ཞིག་ན་བོད་ཡིག་སྦྱོང་གིན་ཡོད་དམ། མཐོ་མཐོ་དྲག་དྲག་གི་སྐུ་སྲས་དག་ཆུང་དུས་ནས་སྐྲ་སེར་པོ་དང་མིག་ལྗང་ཁུའི་ལུང་ཁུག་ན་མི་རིགས་གཞན་དང་སྐད་ཡིག་གཞན་ཞིག་ལ་འགྲོགས་གོམས་བྱེད་སྟངས་སྦྱོང་གི་ཡོད་མོད། སྐབས་དེར་གདོང་ལ་འཛུམ་གྱིས་ཁེངས་པའི་སློབ་ཕྲུག་ཚོས་ག་ལ་རྟོགས་ཨང་།
གཉིས། བཀའ་ཤག་གི་སྲིད་ཇུས་འོག་གི་བོད་སྐད་ཡིག་གི་ལས་དབང་།
ཉེ་ལམ་འཛིན་སྐྱོང་བཀའ་ཤག་གིས་བོད་ཀྱི་སྐད་ཡིག་གི་ལས་དབང་ལ་འགྱུར་ལྡོག་ཅིག་བཏང་བྱུང་། ཐེངས་འདིའི་འགྱུར་ལྡོག་འདི་ནི་རྩ་ལམ་ན་སྒང་བ་བོད་པ་ཚང་གི་ཁྲག་རྒྱུན་བཞུར་གྱིན་པའི་བོད་མི་སུ་ཞིག་ལ་མཚོན་ནའང་། ཡ་ང་བའི་སྐྱོ་གར་ཆེན་པོ་ཞིག་ཅི་ལ་མིན་ཏེ། བྱེས་སྡོད་བོད་མི་རྣམས་སྐྱབས་བཅོལ་དུ་འབྱོར་བ་ནས་ད་ལྟའི་བར་དུ། ༸གོང་ས་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཡོད་འགོ་ཁྲིད་ཡོངས་ཀྱིས་སྐུ་ངལ་དུ་མ་ཁྱད་དུ་བསད་འབྲས་སུ། གཞི་རིམ་སློབ་གྲྭ་ཁག་དང་བོད་ཁྱིམ་སློབ་གྲྭ་ཁག ཆོས་ལུགས་རིས་མེད་ཀྱི་བོད་ཀྱི་དགོན་སྡེ་ཁག་བཅས་གསར་འཛུགས་དང་། བོད་ཀྱི་སྐད་ཡིག་ཚེ་སྲོག་རྒྱུན་སྲིང་གི་ཐད་དུ་བླ་མེད་ཀྱི་ནུས་པ་བཏོན་དང་འདོན་བཞིན་པ་འདི་རེད་མོད་ཀྱང་། ད་ལྟ་དེ་ལྟ་བུའི་གྲུབ་འབྲས་ཆེན་པོ་ཞིག་སར་བསྲེས་སོང་བ་དང་། མ་འོངས་པའི་བོད་སྐད་ཡིག་དང་བོད་ཀྱི་མི་རབས་གསར་བའི་མདུན་ལམ་མག་མོག་དང་ཀྱག་ཀྱོག་ཏུ་བཏང་སོང་བས། བོད་སྐད་ཡིག་གི་ལས་དབང་ནི་རླུང་ཁའི་དར་ལྕོག་ཅིག་དང་འདྲ་བར་ད་དུང་ཅི་འདྲའི་གོད་ཆག་ཅིག་གི་གནས་སུ་ཡོད་ཨང་།
ལྷག་པར་དུ་ད་བར་རྒྱལ་ཁབ་གཞན་དང་མི་རིགས་གཞན་གྱི་སར་ན་མེད་ཅིང་། ཀ་མད་སུམ་ཅུའི་རྨུ་ཐག་ལ་བརྒྱུས་ཏེ་འཛམ་གླིང་ན་འགྲན་ཟླ་བྲལ་བའི་ནང་བསྟན་ཆོས་ལུགས་ཀྱི་སྲོག་ཤིང་དུ་གྱུར་བའི་བཀའ་དང་བསྟན་བཅོས་ཚུན་ཡང་། དེང་སྐབས་རྒྱུ་དངོས་དང་དཔལ་འབྱོར་གྱི་ཁེ་ཕན་འབའ་ཞིག་གི་ཆེད་དུ་མི་རིགས་གཞན་གྱི་སྐད་ཡིག་ཏུ་ཕབ་སྒྱུར་བྱ་འགོ་བརྩམས་ཏེ། ༸གོང་ས་མཆོག་ཀྱང་ཐུགས་ཕམ་བྱུང་དགོས་པ་བཟོས་ཡོད་པས། བོད་ཀྱི་སྐད་ཡིག་དང་བོད་ཀྱི་ནང་བསྟན་ལ་འདས་པའི་དུས་སུ་མི་ལོ་སྟོང་ཕྲག་གི་ལོ་རྒྱུས་ཡོད་ཀྱང་། མ་འོངས་པ་དང་མ་འོངས་པ་ན་ལོ་ངོ་བརྒྱ་ཕྲག་འགར་ཡང་གནས་ཐུབ་མིན་ཡང་ཐེ་ཚོམ་གྱི་རྒྱུ་རུ་གྱུར་འདུག
གསུམ། ཉམ་ཆུང་བའི་བོད་སྐད་ཡིག་གི་འཕག་འཚག
རྒྱུ་རྐྱེན་འདི་དང་འདི་འདྲར་ཐུག་དུས་བོད་སྐད་ཡིག་ལ་དུང་བ་ཟབ་ཅིང་། བོད་ཀྱི་སྐད་ཡིག་གི་ཚེ་སྲོག་ལ་ཤི་འཐམ་རོ་འཐམ་བྱེད་པའི་བོད་མི་ཉམ་ཆུང་ངེད་ཚོས་ད་ཐེངས་ཀྱང་ “བོད་ཀྱི་ཟིན་བྲིས་” ཞེས་པའི་དྲ་རྒྱ་ཞིག་གསར་དུ་བཟོས་ཏེ། ད་ལྟའི་བར་དུ་བཙན་བྱོལ་སྤྱི་ཚོགས་སུ་ཡོད་མ་མྱོང་བའི་ཟིན་བྲིས་རྐྱང་པའི་དྲ་ཚིགས་ཤིག་ཤར་གཏོང་བྱས་པ་ཡིན། གཅིག་བྱས་ན་མཐོ་མཐོ་དྲག་དྲག་གི་མགོ་ཁྲིད་རིམ་པ་དང་རྒྱུ་ཆེན་སྟོབས་ཆེན་ཚོའི་མིག་མདུན་དུ། འདི་ཡང་བྱིས་པའི་རྩེད་མོ་ལྟ་བུ་ (རྒྱུ་མཚན། ད་བར་དུ་བཙན་བྱོལ་ནང་དུ་བོད་སྐད་ཡིག་སྟེང་དྲ་དེབ་ཚགས་གསུམ་མང་དུ་བྱུང་མྱོང་ནའང་། ཁོར་ཡུག་དང་རྒྱུ་རྐྱེན་སྣེ་མང་གི་རྐྱེན་པས་རྒྱུན་སྐྱོང་མ་ཐུབ་པས་སོ།།) ཞིག་ཏུ་མཐོང་སྲིད་མོད། ང་ཚོ་ལ་མཚོན་ན་འདི་ལྟར་རང་གིས་ནུས་ཚོད་འཇོན་ཚོད་ཀྱིས་བོད་སྐད་ཡིག་གི་ཆེད་དུ་འཕག་འཚག་ཅིག་རྒྱག་བཞིན་པའི་ཁུལ་ཡིན། འདི་ནི་ཁོམ་སོང་བས་མ་ཡིན་ལ་ཅིག་འཇོན་སོང་བས་ཀྱང་མ་ཡིན་པར་ཨུ་ཐུག་ཐབས་ཟད་དུ་གྱུར་བས་ཡིན།
ཀུན་གྱིས་ཤེས་གསལ་ལྟར། བོད་ཀྱི་དུས་བབ་དང་བོད་ཀྱི་བང་ཆེན་གྱི་གཙོས་བཙན་བྱོལ་གྱི་བོད་ཡིག་གི་གསར་ཁང་ཁག་ཅིག་དང་། རྩོམ་སྒྲིག་ཁང་རེ་འགའི་དྲ་སྟེང་དུ་ཟིན་བྲིས་ཀྱི་སྡེ་ཚན་རེ་ཟུར་འཇོག་བྱས་ཡོད་ནའང་། མཐའ་གཅིག་ཏུ་བོད་ནང་གི་མཚོ་སྔོན་པོ་དང་སེང་རྡོར་དྲ་བ་ལྟ་བུའི་ཟིན་བྲིས་རྐྱང་པ་འབྲི་སྤེལ་བྱེད་སའི་དྲ་ཚིགས་ཤིག་ཡོད་མྱོང་མེད། དེར་བརྟེན་བཙན་བྱོལ་གྱི་རྒན་དར་གཞོན་གསུམ་གྱི་བོད་རིགས་རྩོམ་པ་པོ་རྣམས་ལའང་། རང་རང་གི་རྩོམ་ཡིག་འབྲི་སྤེལ་བྱེད་སའི་དྲ་རྒྱ་འདི་ལྟ་བུ་ཞིག་མེད་དུ་མི་རུང་བས། ཐེངས་འདིར་ང་ཚོས་འབད་སྒྲུབ་གང་མང་བགྱིས་ཏེ་ད་གཟོད་དྲ་རྒྱ་འདི་ལེགས་འགྲུབ་བྱུང་བ་ཡིན།
དེ་བཞིན་བོད་ནང་གི་ཟིན་བྲིས་དྲ་ཚིགས་མང་བོ་ཞིག་ལ་ངེས་པ་དོན་གྱི་སྨྲ་བརྗོད་རང་དབང་དང་རྩོམ་འབྲིའི་རང་དབང་མེད་པར་ནམ་ཡིན་རུང་ཨ་ཞིང་ཚང་གི་ངོ་སོ་སྲུང་དགོས་ལ། གལ་སྲིད་དེ་ལས་ལྡོག་ན་སྒོ་རྒྱག་རྐྱང་དང་རྩོམ་སྒྲིག་པ་འདྲུད་རྐྱང་འཇུག་རྐྱང་བྱེད་པས་བརྟན་པོའང་མིན། དེ་ལྟ་བུའི་ཉིན་མོར་བསླེབས་ཐེངས་རེར་དྲ་རྒྱ་དེར་བཀོད་ཟིན་པའི་རྩོམ་ཡིག་རྣམས་ཀྱང་ནག་གསུབ་ཏུ་གཏོང་རྐྱང་ཡིན་པས། ང་ཚོས་རེ་བར་བོད་རིགས་སྤུན་ཟླ་རྩོམ་འབྲི་བ་རྣམས་ལ་རང་གི་རྩོམ་ཡིག་ཉར་ཚགས་བྱེད་ས་ཞིག་ཉན་རུང་ཆོག་གི་འདོད་ཡོད། ཡིན་ནའང་། ང་ཚོས་རེ་བར་དྲ་ཚིགས་འདིར་ཟིན་བྲིས་སྤེལ་མཁན་སུ་ཞིག་ཡིན་རུང་གང་ཐུབ་ཐུབ་ཀྱིས་སྒྱུ་རྩལ་རྩོམ་རིག་རྐྱང་པའི་སྟེང་དུ་ཤུགས་སྣོན་རྒྱག་པ་ལས། ཆབ་སྲིད་དང་ཆོས་ལུགས་ཀྱི་སྐོར་མང་དུ་མ་བཀོད་ན་བཟང་གི་སྙམ་ཡོད། དེ་ནི་དྲ་ཚིགས་འདི་བྱེས་ཀྱི་སྒྱུ་རྩལ་རྩོམ་རིག་རྐྱང་པ་འབྲི་སྤེལ་བྱེད་སའི་དྲ་ཚིགས་ཁམས་གཙང་ཞིག་ཏུ་གྱུར་ན་བསམ་པས་ཡིན།
མཇུག་མཐར་ཞུ་འདོད་པ་ཞིག་ནི། ང་ཚོ་ལ་མ་འོངས་པར་མུ་མཐུད་དེ་རྨི་ལམ་མང་བོ་ཞིག་ཡོད་དེ། དཔེར་ན། ལོ་གསུམ་རེའི་མཚམས་སུ་བོད་ཀྱི་ཟིན་བྲིས་དྲ་སྟེང་གི་རྩོམ་ཡིག་ལེགས་འདེམས་ཀྱི་བྱ་དགའ་སྤྲོད་པ་དང་། རྩོམ་ཡིག་ལེགས་འདེམས་ཀྱིས་ཆེད་སྒྲིག་དཔེ་ཚོགས་བཟོ་བ་སོགས་ལས་འཆར་མང་བོ་གཞུག་ན་ཡོད་ཀྱང་། སྐབས་འདིར་དྲ་རྒྱ་སྒོ་འབྱེད་བྱས་མ་ཐག་དང་ལས་འཆར་མང་བོ་ཞིག་གཞི་ནས་བང་བསྒྲིགས་བཞིན་པ་ཡིན་པས། ཁ་ཕོ་མང་བོ་ཞིག་སྔོན་ལ་བཤད་འདུན་མེད་པས་འདི་ཙམ་གྱིས་འཐུས་པར་བྱས་སོ། །
ཁ་དྲོ་བཀྲ་ཤིས།
བོད་ཀྱི་ཟིན་བྲིས་དྲ་བའི་རྩོམ་སྒྲིག་པས།
ཀློགས་གྲངས། 5579 ..
ཨ་རིག་འགྱུར་མེད།

མི་རང་རང་ལ་རང་རང་གི་དགའ་ཕྱོགས་རེ་ཡོད་ཆོག་སྟེ། ང་ལའང་ང་རང་རང་གི་དགའ་ཕྱོགས་ཤིག་ཡོད་པས། སུ་གཅིག་གིས་ཀྱང་ངའི་དགའ་ཕྱོགས་ལ་ཐེ་གཏོགས་མི་བྱེད་པར་མཁྱེན། ཐུགས་རྗེས་གཟིགས།

དྲ་རྒྱ། www.changsa.net
ནང་འཛུལ་བྱས་ཏེ་ཀློག་མཆན་སྤེལ།