གསར་སྤེལ་ཟིན་བྲིས།

སྤྱན་གསུམ་པ།

སྤྱན་གསུམ་པ།

བླ་དང་སྲོག
    ——དགུང་གྲངས༧༩ཕེབས་པའི་འཁྲུངས་སྐར་ལ་ཕུལ།
དེ་རིང་སྔ་མོ་གཉིད་ལས་སད་དང་མཉམ་དུ།
ཁྱེད་ཀྱི་འདྲ་པར་ལ་ཡང་བསྐྱར་ལྐོག་ལྟ་བྱེད་པ་ཡིན།
འཛུམ་གྱིས་ཁེངས་པའི་ཞལ་རས་དེ་ནི།
འོད་ཀྱི་ཁྱབ་པའི་ཉི་མ་དང་།
མུན་པ་སེལ་པའི་སྒྲོན་མེ་རུ་བསམ་ཕོད་ཀྱང་།
བལྟས་ཐེངས་རེ་རེར།
སྐྱོ་ཞིང་འདར་ནས་སྣང་བ་ཞེས་ལབ་མ་ཕོད།

མི་ལོ་དྲུག་ཅུ་ལྷག་གི་བར་དུ།
ཁྱེད་ཀྱི་སྐུ་པར་དག་ལ་སེམས་ཁྲལ་གནང་དགོས་བྱུང་།
སྐུ་པར་དེ་དག         རྩྭ་ལྡུམ་གྱི་གསེང་དང་།
ཅ་དངོས་ཀྱི་ཞབས་སུ་སྦས་མྱོང་ཞིང་།
སྦས་ཐེངས་རེ་རེར།
དངངས་ཤིང་སྐྲག་ཀྱང་གཏན་ཏུ་འདོར་མ་ཕོད།

དེ་རིང་ནས་མི་ལོ་ག་ཚོད་བར་དུ།
ཁྱེད་ཀྱི་གསུང་སྒྲོས་ལ་ལྐོག་ཉན་ཅི་ཙམ་བྱ་དགོས་སམ།
གསུང་སྒྲོས་དག་ནི། མི་ཚེའི་བསླབ་བྱ་དང་།
ཤེས་རབ་ཀྱི་ནོར་མཛོད་དུ་རེད་འདོད་ཀྱང་།
ཉན་ཐེངས་རེ་རེར།
འཇིགས་སྣང་གིས་བཀའ་སློབ་ལམ་སྟོན་ཞེས་སྒྲོག་མ་སྤོབས།

གློག་རླུང་བརྙན་དུ་བསྐུར་བ་བཏབ་པའི་མི་བུ་དེ།
དཔུང་རྟགས་དམར་པོས་རྡོག་བརྫིས་བཏབ་པའི་སྐུ་པར་དེ།
གངས་རི་བ་ཚོའི་རྐང་དུ་གྲུབ་པའི་དེད་དཔོན་དེ།
མི་འཇིགས་སྲོག་ལ་བཏབས་པའི་ཕུར་བ་ཡིན།
རིན་ཐང་བཞལ་དུ་མེད་པའི་ནོར་བུ་ཡིན།
རྨོངས་པ་ནད་ལས་གྲོལ་བའི་སྨན་མཆོག་ཡིན།
མ་བརྗེད་སེམས་ལ་ཟུངས་ཤིག་གངས་ཅན་པ།
                 ༢༠༡༤ལོའི་སྤྱི་ཟླ༧པའི་ཚེས༦ཉིན།༧མགོན་པོ་གང་གི་སྐུའི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཐེངས༣༣པའི་དུས་དབང་ལ་སྒོ་གསུམ་གུས་པས་འདུད་དེ་བྲིས།

                རྐུན་ལ་ཤོར་བའི་མེ་ལོང་།
       ——དགུང་ལོ་ཉེར་ལྔའི་པཎ་ཆེན་འཁྲུངས་སྐར་ལ་ཕུལ།
ཉི་ཟླའི་མཐོང་ལམ་ནས།
སྦྲ་ནག་གི་གོང་ཁ་ནས།
ཕྱི་གསལ་ནང་གསལ་གྱི།
དྲི་མེད་ལྷད་མེད་ཀྱི་མེ་ལོང་།
སྐྱོན་མེད་མཛེར་མེད་ཀྱི།
ལང་ཚོ་མ་སྨིན་པའི་མེ་ལོང་།
ཨ་མའི་པང་ཁུག་ནས་བརྐུས་སོང་།
ཨ་ཕའི་ཕྱག་བར་ནས་བཅོམས་སོང་།
ཁྱུར་མིད་ཀྱི་རྩུབ་སྤྱོད་ལ་སུ་ཞིག་གིས་ལེ་བདའ་ཁྱེར་འོས།

ཕ་མེས་གནང་བའི་མེ་ལོང་དེ།
གཞལ་མེད་ནོར་བུ་ཡིན།
ཨ་མའི་ཞལ་རས་ཡིན།
ཨ་ཕའི་མིག་ཟུང་ཡིན།
ངེད་མ་སྲིང་ཚོའི་ཚེ་སྲོག་ཡིན།
ཕ་ཁྱིམ་སྨུག་པོའི་གཅེས་ཕྲུག་ཡིན།

ལག་ཟུང་འཁྱར་འཁྱོར་གྱིས་སྙོབ་པའི་ལོ་ཟླའི་ནང་།
མེ་ལོང་ལ་ཆག་གྲུམ་ཤོར་ཡོད་མེད་ཀྱི།
སུ་ཞིག་གི་སེམས་པ་ལ་གོད་ཆག་ཤོར།
ཨ་མའི་སྐྲ་ལོ་འཛིང་ཞིང་དཀར་བོང་བོང་གྱུར།
ཨ་ཕའི་ངོ་གདོང་གས་ཤིང་གཉེར་གྱིས་འཚང་།
མེ་ལོང་དེ་ཐེངས་ཤིག་མཐོང་ན་བསམ།
མེ་ལོང་དེ་འོ་ཞིག་བྱེད་ན་འདོད།
ཨ་ཕའི་མེ་ལོང་ཆུང་ཆུང་དེ་གང་ཞིག་ན་གཟིམ་ཡོད།

པོ་ཏཱ་ལའི་ཁ་མིག་སྟོང་ཕྲག་གིས།
ན་ཟུག་གི་རྔུལ་ཁྲག་ཁོག་ལ་རུམ་ནས།
ཉི་མ་དང་ཟླ་བའི་བགྲང་བྱ།
ཕྲེང་རྡོག་ལྟར་བགྲང་ཞིང་།
གླིང་བཞིའི་གླིང་ཕྲན་ཀུན་ལ་གཟེར་གྱིས་ཅེར་ཡང་།
མུན་པའི་དོང་ལ་བརྒྱུས་པའི་འགག་འཕྲེང་དེ་མཐོང་མ་སོང་ལ།
མེ་ལོང་གི་ངོས་གཞན་ཞིག་ཀྱང་མཐོང་མ་སོང་།
གནས་གང་ན་ཁྱེད་ཀྱི་སྤྱན་ཆབ་སིམ་ཡོད།
གནས་གང་ལ་ཁྱེད་ཀྱི་རྣམ་ཤེས་འཁོར་ཡོད།

གངས་དཀར་པོ་དེའི་འོག་གི
སྤྲང་དཀར་རྩམ་པ་ལྟ་བུའི་མེ་ལོང་།
འོ་ཇ་དཀར་པོ་ལྟ་བུའི་མེ་ལོང་།
ཆུང་ཆུང་གི་ཁྱེད་རང་གང་དུ་བཞུགས་ལགས་སམ།
མིག་ཟུང་སྟོང་ཕྲག་གིས་རེ་བའི་མེ་ལོང་མ།
       2014ལོའི་ཟླ4པའི་ཚེས25ཉིན་རྗེས་དྲན་དུ།
གཟའ་ཉི་མ།, 13 /04/ 2014 12:02

འཁྲེང་སེམས།

འཁྲེང་སེམས།
                  —— སྤྱན་གསུམ་པ། 
བག་ཆགས་ཀྱི་རྐྱེན་ནམ།
ཕྱི་ཡུལ་གྱི་སྣང་བ་འདིའི་དབང་གིས་ཡིན།
མིག་ལམ་ལ་འཆར་འོང་བ་ནི།
ཡོད་ཚད་ལ་ལག་དམར་ལྟ་བུའི་འཁྲུལ་པ་དེ་དང་།
ཡིད་ལ་དྲན་འོང་བ་ནི།
ཐམས་ཅན་ལ་ཞེ་སྡང་ལྟ་བུའི་རྣམ་རྟོག་ཅིག
སེམས་སུ་འཁོར་ཡོང་བ་ནི།
ཚང་མ་ལ་གཟེབ་བྱེའུ་ལྟ་བུའི་སྐྱོ་གནས་ཤིག
འཁྲེང་སོང་བའི་སེམས་པ་དེ་ཅི་འདྲའི་སྨེང་ཨང་།

ངའི་སེམས་པ།   ཕྲ་མོའི་རླུང་གི་གཡོ་འགུལ་ལ་བརྟེན་ནས།
འོད་ཟེགས་ཀློང་ནས་རྡུལ་ཕྲན་ཞིག་ཏུ་གྱུར།

ང་རང་འོད་ལ་འཐིམ་སོང་།
འོད་དེ་ང་ལ་དབང་སོང་།
ངོ་བོ་དབྱེར་མེད་དུ་འདྲེས་སོང་།
འོད་ཀྱི་རྣམ་ཤེས་སུ་གྱུར་སོང་།
ཕྱི་སྣོད་དང་ནང་བཅུད་མཐའ་དག
འོད་ཀྱི་ཆར་བ་འཁྲེང་ནས་འཚོ་བྱུང་།

ཡོད་ཚད་འོད་དུ་མཐོང་བས།
འོད་ཆེན་པོའི་འཇིག་རྟེན་འདི།
གསེར་གྱིས་ཐེག་པའི་ས་གཞི་འདྲ།

ད་ནི་ཁྱོད་ཀྱི་སེམས་པ་ང་ལ་འཁྲེང་།
ངའི་དབུས་ཀྱི་རི་རྒྱལ་ལྷུན་པོ་ལ་འཁྲེང་།
ཡང་ན།  གསེར་གྱི་རི་བདུན་ནམ་རོལ་པའི་མཚོ་བདུན།
དེ་དག་ཀྱང་ཁྱོད་ཀྱིས་གང་ལ་ཁྱེར་སོང་།

ཤམ་བྷ་ལ་རུ་སྒོམ་པའི་ཡུལ་གྲུ་དེའི།
གླིང་བཞིའི་གླིང་ཕྲན་མཐའ་དག
ད་རུང་དཔྲལ་བའི་ཉི་ཟླ་ཟུང་གཅིག་པོ་དེའང་།
ཁྱོད་ཀྱིས་རྨེག་མེད་ཀྱིས་གང་ལ་ཁྱེར་ནས་བུད་སོང་།

           ༢༠༡༤/༠༤/༡༢    དགོང་མོར།
གཟའ་ཉི་མ།, 13 /04/ 2014 11:58

ངའི་ཧི་མ་ལ་ཡ།

ངའི་ཧི་མ་ལ་ཡ།
                              ——སྤྱན་གསུམ་པ།
མིག་ཟུང་བཙུམས་ཏེ།
འཕྲུལ་སྣང་སྒོམ་དུས། ད་གཟོད།
ཁྱེད་ཀྱི་བརྗིད་ཆགས་པའི་ཕུང་བོ་དེ་མཐོང་ཡོང་།
དཔལ་ཉམས་དོད་པའི་སེང་དཀར་མོ་དེ།
གངས་ཀྱི་ལྟོ་ནས་འཕྲེད་དུ་བརྒལ་བཞིན།
ཆེས་མཇུག་མཐའི་དག་གཙང་གི་ཡུལ་དེ་སེམས་སུ་གཉེར།

འཐབ་རླུང་གིས་རི་མཚམས་ནས་ངར་ཤུགས་བསྐྲད།
གནའ་བོའི་མི་རྣམས།
གངས་ཀྱི་རི་བོ་དེའི་འོག་ནས།
བཞུར་འོང་བ་ནི་སྐྱོ་གདུང་གི་མིག་ཆུ་རེད།

སྤྲིན་ཚོགས་དེ་རི་རྩེ་ན་རྩེན་ཞིང་རྒྱང་དུ་བཞུར།
ལུག་ཁྱུ་འཚོ་མཁན་གྱི་འབྲོག་པས།
སྤྲིན་པའི་བཞུད་ཕྱོགས་བསྟུན་ནས་སྙེག་ཅིང་།
ནམ་མཁའ་ལ་རེ་ཞིང་སྨོན་བཞིན།
ལག་ཟུང་ཐལ་མོར་སྦྱར་ཏེ།
ལྷ་ཆེན་ལ་སྐྱབས་འཇུག་ཞུ།

མཐོང་བྱུང་ངམ།
ཁ་བ་ལྷབ་ལྷུབ་ངང་བར་སྣང་ནས་ལྷུང་།
དེ་ནི་ཉི་ཟླས་ཁྱེད་སར་གཏོང་གིན་པའི་མིག་ཆུ་དེ་རེད།
ཉི་ཟླ་དང་ཆེས་ཉེ་བའི་ཡུལ་ལུང་འདི་ཡི།
ཁྱེད་རང་ཚོས་ཁོང་ཚོའི་སེམས་སྒྲ་དེ་ཐོས་བྱུང་ངམ།

                                       2014ལོའི་ཟླ4པའི་ཚེས13ཉིན་བླ་བྲང་ནས།
གཟའ་ལྷག་པ།, 08 /01/ 2014 15:56

རེ་འབོད་ཐེངས་ཤིག

རེ་འབོད་ཐེངས་ཤིག
                       • སྤྱན་གསུམ་པ།•
——————————————————————————        
             རི་བོ་ན་རེ།
             ལག་པ་གཉིས་བསྲིང་ནས་ང་ལ་ཆར་ཆུ་ཞིག་གནང་རོགས་ཟེར།
             སྤང་ཐང་ན་རེ།
             མིག་ཟུང་གཉིས་ཅེར་ནས་ང་ལ་མེ་ཏོག་རྐང་གཅིག་བཙུགས་རོགས་ཟེར།         
             ཆུ་བོ་ན་རེ།
             ལུས་སེམས་གཉིས་ཕུལ་ནས་ང་ལ་རྒྱ་མཚོ་ཞིག་བསྐྲུན་རོགས་ཟེར།
             སྨེང་བའི་ངུ་ངག་དང་རྨོངས་པའི་རྐང་ཐང་གིས་སོང་སོང་མཐར།
             ཁྱེད་དང་ངེད་ཀྱི་རྩེད་ར་དེ་ཅི་འདྲའི་ཐག་རིང་ཞིག
             རི་བོས་ཀུ་ཅོ་སྒྲོག    སྤང་ཐང་གིས་ངུ་སྐད་འབྱིན།    ཆུ་བོས་རེ་འབོད་གནང་།
             བར་ཐག་གིས་བསླུས་པའི་གཙང་བོའི་སྣེ་གཉིས་ན་ངེད་གཉིས་དུས་ཚོད་ཀྱིས་ངུས་བྱུང་།
             ཡང་ནས་ཡང་དུ་རི་ཆུ་ཐང་གསུམ་ལ་འོ་དོད་དྲག་པས།
             ས་གཞི་སྐམ་སོང་།      མཁའ་དབྱིངས་སྒྲིབ་སོང་།  
             ཁ་ཆར་རླུང་གསུམ་ལ་མུན་ནག་གི་གཤིས་དེ་བས་ཀྱང་ཆེ་མཐར།
             ངེད་གཉིས་ལ་དུས་སྐལ་གཅིག་གི་ལྷང་འཇགས་ཀྱི་རྨི་ལམ་ཞིག་རྨིས་མ་སོང་ཨང་།

             གངས་རི་འདར་བྱུང་།   རྒྱ་མཚོ་སྐྱོམ་སོང་།
             བར་སྣང་གི་རླུང་བུ་ཕྱོགས་བཞི་ནས་ལྡང་རྐྱེན།
             མེ་ཏོག་གི་གཞུང་རྟ་རེ་རེ་བཞིན་སྐམ་ཞིང་བཅོམ་པར་གྱུར།
             སྨིན་མ་ཐུབ་པའི་ཟེའུ་འབྲུ་འཇིབ་ནས་རིད་པར་བཏང་འདུག
             རྨི་ལམ་དཀོན་པའི་དུས་སྐལ་དེ་དག་ལ།
             ཤ་ཁྲག་བྲལ་བའི་རྗེས་ལུས་ཀྱི་རུས་རྐང་འདི་སུ་ཞིག་གི་ཡིན།
             སྐམ་ལ་མཁྲེགས་པའི་སྐྱ་ཐིང་ཐིང་གི་མྱ་ངམ་ཐང་དེ་ཅི་ལྟར་བྱ།
             མཁའ་དབྱིངས་ན་ད་རུང་ཉི་ཟླའི་འཆར་ནུབ་ཀྱང་མི་འདུག
             དོན་དངོས་ཀྱིས་ངེད་གཉིས་ཀྱི་ནམ་མཁའ་དེས་ཅི་ཞིག་བྱ།

                                     2014/01/08  རང་ཤག་ནས།
གཟའ་ཟླ་བ།, 23 /12/ 2013 14:38

ངེད་ཚང་གི་གཅེས་ནོར།

ངེད་ཚང་གི་གཅེས་ནོར།
                       • སྤྱན་གསུམ་པ།•
——————————————————————————        
གནའ་སྔ་མོར་གནས་འདི་ན་གྲོང་ཚོ་ཞིག་ཆགས་ཡོད་སྐད།
གྲོང་ཚོ་དེ་རིམ་གྱིས་གཏམ་རྒྱུད་ཞིག་ཏུ་གྱུར་སོང་ལ།
གཏམ་རྒྱུད་དེའང་དཔེ་ཆ་ཞིག་ཏུ་བཅུག་ཡོད་སྐད།
ད་ལྟ་དཔེ་ཆ་དེ་ཧ་ཅང་མཐོང་དཀོན་པོར་གྱུར་འདུག

མི་ལ་ལས།དཔེ་ཆ་དེ་ད་ལྟ་ལྷ་ཁང་རལ་པོ་ཞིག་ན་བསྟན་བཞུགས་བྱས་ཡོད་ཟེར།
མི་ལ་ལས།དཔེ་ཆ་དེ་ད་ལྟ་གླེགས་བམ་ལ་བཅུག་ཏེ་ལྕགས་ཟྭ་བརྒྱབ་ཡོད་སྐད།
མི་ལ་ལས། དཔེ་ཆ་དེ་ད་ལྟ་བཀའ་བརྒྱ་མ་ལྟར་བཙན་དང་གཉན་གྱིས་བཟུང་ཚར་ཟེར།
ཡང་ལ་ལས།  དཔེ་ཆ་དེ་ད་ལྟ་གནའ་རྫས་བརྟག་དཔྱད་པས་འཚོལ་གྱིན་པའི་སྒང་རེད་ཟེར།

གང་ལྟར།ངས་འདི་ལྟར་བསམ་བྱུང་།
དཔེ་ཆ་དེ་ནི་བསྟན་བཅོས་ཤིག་མ་ཡིན།
ཁྱེད་དང་ངེད་ཀྱི་བླ་སྲོག་ཞིག་ཡིན་པར་མངོན།
དཔེ་ཆ་དེ་ལག་ལ་སོན་ཚེ།
ངེད་ཅག་མིང་སྲིང་དག་གི་ཚེ་ཚད་དེའང་རིང་དུ་བསྲིང་ཐུབ་པར་སྙམ།
ཡིན་ནའང་། དཔེ་ཆ་དེ་ཉིན་མོའི་སྐར་མ་བཞིན་འཚོལ་དཀའ་ཨང་།

དཔེ་ཆ་དེ་ནི་སའི་གོ་ལའི་ཡང་སྟེང་ན་གསལ་ལེར་མངོན།
ང་རང་སྐེས་རིམ་ལ་ཅི་ལྟར་འཛེགས་ཀྱང་རྙེད་མ་བྱུང་།
ང་རང་སའི་གོ་ལའི་མཐའ་རིམ་ནས་སྤྲིན་པའི་བང་རིམ་བརྒལ་ན་བསམ་མོད།
ངའི་མགོ་བོ་འབྲེག་མཁན་ཇེ་མང་དུ་གྱུར།

བསམ་ཞིང་བསམ་ན། གོ་ལ་དེ་ནི་ཟླུམ་དྲ་ཞིག་ཡིན་པས།
ང་རང་མཐའ་སྣེ་རུ་སླེབས་ཐབས་བྲལ་ཨང་།
ད་ནི་ངེད་ཅག་གི་འགྲོ་འདུག་སྤྱོད་གསུམ་ལ།
སུ་ཞིག་གིས་རེ་རེ་བཞིན་རྩིས་གྲངས་སུ་ལེན་བྱུང་།
                2013/12/23
གཟའ་ཟླ་བ།, 25 /11/ 2013 14:03

རྒྱལ་ཁབ་དང་མི།

རྒྱལ་ཁབ་དང་མི།
                        -----སྤྱན་གསུམ་པ།
རྒྱལ་ཁབ་ནི་རྒྱ་མཚོ་ཆེན་པོ་དེ་ཡིན་ན།
མི་ནི་དེར་འགྲོ་མཁན་གྱི་གྲུ་གཟིངས་དེ་ཡིན།
རྒྱལ་ཁབ་ལ་འཕོ་འགྱུར་ལྡན་ལ་རྒྱ་མཚོ་ལ་རྦ་རླབས་ཆེ།
མི་ལ་འཕྲུལ་སེམས་ལྡན་ལ་གྲུ་གཟིངས་ལ་གཡོ་འགུལ་ཆེ།
རྒྱ་མཚོ་དེ་མཐའ་ཡས་ཤིང་གཏིང་ཅི་འདྲའི་ཟབ་ན།
གྲུ་གཟིངས་ནི་དེ་རུ་འཇུག་པར་བརྟན་ཞིང་མྱུར།
རྒྱལ་ཁབ་དེ་འཕེལ་ཞིང་རྒྱས་པ་ཅི་འདྲའི་མགྱོགས་ན།
མི་དག་ནི་དེ་རུ་འཇུག་པར་སྤྲོ་ཞིང་སྐྱིད།

དེ་གཉིས་ནི་རྟེན་འབྲེལ་གྱི་རང་བཞིན་དུ་གྲུབ།
དེ་གཉིས་ནི་འཇིག་རྟེན་གྱི་ཆོས་ཉིད་དུ་མངོན།

ད་ལྟར་རྒྱ་མཚོ་ནི་སྦགས་ཀྱིས་ཟིན་འདུག
འདམ་གྱིས་རྙོག་འདུག
བག་མེད་དུ་རྦ་རླབས་འཕྱོ་དྲགས་པས།
གྲུ་གཟིངས་ལ་བརྟན་འཇགས་ཀྱི་རང་དབང་བྲལ།
གྲུ་གཟིངས་ལ་འཚོ་སྐྱོད་ཀྱི་ཁོར་ཡུག་དབེན།

རྒྱ་མཚོས་ངེས་མེད་དུས་མེད་དུ་རླབས་སྐྱོམ་པས།
རྒྱ་མཚོ་ལ་ཡིད་རྟོན་གྱི་བློ་ཁ་དབེན་སོང་།
གྲུ་གཟིངས་དག་ཡིད་ཆེས་བྲལ་ནས་མགོ་འཐོམ་པར་གྱུར་ནའང་།
སྔར་བཞིན་ཞེན་དུང་དུང་གིས་རྒྱ་མཚོའི་ཟབ་ཚད་གླེང་།

ལྷོ་ཡི་རླུང་འཚུབ་དག་རྒྱ་མཚོ་རུ་ཁོལ་བས།
འགུལ་སྐྱོད་ལ་བྲེལ་བའི་གྲུ་གཟིངས་དེ་རླུང་ཟིལ་གྱིས་ཡང་ཡང་ལྡེག
སྐབས་དེ་དག་ལ    ཆུ་ཀླུང་གིས་རི་ཡིན་པ་རྣམས་གྲོག་པོར་བཏང་ལ།
ཐང་བདེ་བ་རྣམས་གྲམ་པར་བརྡལ་པས།
གྲུ་གཟིངས་ལ་འགྲོ་འདུག་གི་ཁ་ཕྱོགས་དབེན་པས་ཟུར་སྣེ་རེ་ན་འཁུ།

                      2013/11/25ཉིན་ཉི་མ་བླ་བྲང་ནས།
གཟའ་སྤེན་པ།, 23 /11/ 2013 16:03

ལྷ་ས། ལྷ་ས། ལྷ་ས།

ལྷ་ས།ལྷ་ས།ལྷ་ས།
སློབ་མའི་མཐོ་རྒྱུགས་ཀྱི་སློབ་སྡུད་ལམ་ལུགས།
                                                  
       
         སྤྱིར་ན་རྒྱུགས་ལེན་པའི་སློབ་གསོ་ནི་སྣ་གཅིག་སློབ་གསོ་དང་ཕྱོགས་འཁྱེར་སློབ་གསོ་ལྟ་བུའི་སྐྱོ་སྣང་སྐྱེས་དགོས་སའི་གནད་དུ་གྱུར་འདུག་མོད་ཀྱི།   འོན་ཏེ།  སློབ་གྲྭ་ཆེ་མ་ཆུང་གསུམ་ཡོངས་ཀྱིས་རྒྱུགས་ལེན་པ་ནི་ཡོན་ཏན་ཀུན་གྱི་རྩ་བ་དང་གཉེན་མི་ཡོངས་ཀྱི་རེ་བ།  མི་ཚེའི་དོན་གྱི་སྙིང་བོ་འདོད་དེ། བུ་སློབ་ཞིག་གི་སེམས་ངོའི་ཡོད་ཚད་ཀྱི་ཡོད་ཚད་ལ་ཚད་འཇལ་བའི་རྒྱུ་འབྲས་ཀྱི་རྒྱ་མ་ལྟ་བུར་ངོས་བཟུང་བ་དེ་ནི་རྒྱལ་ཁབ་ཀྱི་ལམ་ལུགས་གལ་ཆེན་ཞིག་ཏུ་གྱུར་འདུག་ཨང་།
          རྒྱལ་ཡོངས་གཅིག་གྱུར་གྱི་མཐོ་རྒྱུགས་ལེན་པའི་ཉིན་མོ་ནི། མི་ཞིག་གི་མི་ཚེའི་ཡོད་ཚད་གཅིག་གྱུར་གྱིས་ཐག་གཅོད་བྱེད་པའི་འཇིགས་སྣང་རང་བཞིན་ཅན་ཞིག་ཡིན་སྲིད།   རང་ཅག་གི་བུ་བུ་མོ་ཚོའང་མི་ཚེའི་འདུན་ལམ་ཆེན་པོ་ཐག་གིས་གཅོད་བྱེད་ཀྱི་གསོད་གཏུབ་རང་བཞིན་ལྡན་པའི་རྒྱུགས་ར་འདིར་ཞུགས་བཞིན་ཡོད་ངེས་ལ།རང་རང་སོ་སོའི་འཇོན་ནུས་མངོན་མཁན་ཡང་མི་ཉུང་ཙམ་མཆིས་པ་སྨོས་ཅི་དགོས།འོན་ཀྱང་དེང་སྐབས་ཀུན་གྱིས་དོ་སྣང་བྱེད་དགོས་པ་ཞིག་ནི།ཕ་སྐད་སློབ་ཁྲིད་(བོད་ཡིག་གཙོ་བོ)མྱངས་པའི་ང་ཚོའི་བུ་བུ་མོ་ཚོས་སྐར་གྲངས་ཅི་འདྲ་བླངས་ཤིང་ནུས་པ་བཏོན་པ་ཅི་འདྲའི་ལེགས་ནའང་།  ཁོ་ཚོ་འགྲོ་ཆོག་པའི་འོད་ཟེར་སྟོང་ལྡན་གྱི་མདུན་སྒོ་ནི་དེ་འདྲའི་དོག་པ་ཞིག་སྟེ།  ལོ་རེར་བརྒྱ་ཆའི་གྲངས་འབོར་ལྔ་དྲུག་གིས་དོག་པོར་གཏོང་བཞིན་པ་དེའོ།།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མི་རིགས་རང་ཁོངས་རང་སྐྱོང་གི་བཅའ་ཁྲིམས་སུ་མི་རིགས་ཀྱི་སྐད་ཡིག་འདྲ་མཉམ་དང་བཀོལ་སྤྱོད་ཀྱི་དབང་ཆ་རང་དབང་གིས་གཏན་ལ་ཕབ་པ་དང་ཕ་སྐད་ཀྱི་ལམ་ནས་སློབ་སྦྱོང་དང་རྒྱུགས་ལེན།  སློབ་ཆེན་ལ་སློབ་མ་བསྡུ་སྟངས་སོགས་འདྲ་མཉམ་དུ་བསྒྲགས་ཡོད་ན།ཕ་སྐད་ཀྱི་ལམ་ནས་མཐོ་རྒྱུགས་ལ་ཞུགས་ན་སློབ་མ་བསྡུ་བའི་བར་ཁྱད་དང་ཧེ་བག་འདི་འདྲའི་ཆེ་དོན་ཅི་ཡིན།  དོན་ངོ་མས་མི་རིགས་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་པ་ཡིན་ནམ་གཏོར་བཅོམ་བྱེད་པ་རེད། སྐད་ཡིག་འདྲ་མཉམ་ཡིན་པར་བསྒྲགས་བཞིན་དུ་ཕ་སྐད་ཀྱི་སྒོ་ནས་རྒྱུགས་སྐར་ལྟར་སློབ་བསྡུ་ཚད་ལའང་འདྲ་མཉམ་མེད་དོན་གང་ཡིན་ནམ།  དེ་ལྟར་ན་དོན་གྱི་སྐད་ཡིག་འདྲ་མཉམ་དང་སློབ་བསྡུ་འདྲ་མཉམ་ཡིན་སྲིད་དམ།   རྒྱལ་ཁབ་ཀྱིས་སྐད་ཡིག་འདྲ་མཉམ་ལྟར་རྩ་ཁྲིམས་སུ་བཞག་པ་དེས་མི་རིགས་གང་གི་སྐད་ཡིག་གིས་གསར་འགྱུར་དང་ཚགས་པར།བརྡ་འཕྲིན།གློག་རྡུལ་སོགས་སུ་འདྲ་མཉམ་དུ་གཏོང་དགོས་པ།   མ་ཚད་ཡིག་བསྒྱུར་བྱ་བ་དང་རྒྱུགས་ལེན་སྟངས་སོགས་མི་རིགས་འདིའི་སྐད་ཡིག་གིས་བྱེད་དགོས་པ་དེ་དང་བསྟུན་སློབ་བསྡུ་བྱེད་ཚད་དང་ལག་ལེན་བསྟར་སྟངས་ཐད་ཅིས་ཀྱང་འདྲ་མཉམ་དུ་ཡོང་དགོས་པ་ནི་སྨོས་མ་དགོས་མོད་དེ་ལྟར་ལག་ལེན་བསྟར་ཡོང་དུས་འདྲ་མཉམ་ཞེས་པ་ནི་ཧ་ཅང་ཉག་ཕྲ་ལ་ཉམས་ཆུང་ལ་ཡིད་མུག་པའི་སྣང་ཚུལ་ལས་མི་གདའ།
             འདི་ནི་ཧ་ལམ་དེ་སྔ་སློབ་གྲྭ་ཆུང་འབྲིང་གི་སློབ་གསོ་བསྒྱུར་བཅོས་ཀྱིས་རྒྱ་ཡིག་གཙོ་བོས་ཁྲིད་དགོས་པའི་ཡིག་ཆ་བསྒྲགས་སྐབས་བོད་ཁུལ་གྱི་སློབ་འབྲིང་ཁག་གི་སློབ་མ་ཐུན་མོང་གིས་ཁྲིམས་མཐུན་གྱིས་གནས་ལུགས་སྒོས་ཁ་གཏད་པ་དེ་ལ་ཆེད་དུ་ངན་ལན་སློག་པ་ཞིག་ཡིན་ནའང་ཐང་སྟེ།ཁྱོད་ཅག་གིས་བོད་སྐད་ཀྱི་ལམ་ནས་(བོད་ཡིག་གཙོ་བོ)ཁྲིད་འདོད་ན་ཁྲིད།  འོན་ཀྱང་ངས་ཁྱོད་ཀྱི་བོད་སྐད་ཀྱིས་སྦྱངས་སའི་སློབ་ཆེན་གྱི་ཆེད་ལས་འགག་སྒོ་དོག་པོར་གཏང་རྒྱུ་ཡིན་ཞེས་པའི་མངོན་སྟངས་ཤིག་ཡིན་རུང་སྲིད།  ཡང་ན་མི་རིགས་ཆེ་བའི་སྐད་ཡིག་གིས་མི་རིགས་ཆུང་བའི་སྐད་ཡིག་ལ་གཏོར་བཅོམ་གཏོང་བའང་མ་ཡིན་པ་ག་ལ་སྲིད།   གང་ལྟར་ཡང་།བུ་ཕྲུག་ཚོ་འགྲོ་ཡུལ་གྱི་སྒོ་ནི་བསམ་གཟས་ནས་དོག་པོར་གཏོང་བཞིན་པ་འདི་རེད་ལ།  བོད་ཀྱི་སློབ་འབྲིང་ཚོ་དང་སྡུར་ན།རྒྱ་རིགས་རང་སྐད་ཀྱིས་(རྒྱ་ཡིག་གཙོ་བོ)སྦྱངས་པ་ཚོ་འགྲོ་ས་དེ་ཁོད་ཡངས་ལ་རྒྱ་ཆེ་བ་ནི་ལོ་རེའི་སློབ་བསྡུའི་གནས་ཚུལ་གྱིས་གསལ་བཤད་བྱས་འདུག་སྟེ། རྒྱུན་ལོན་ལྟར་ན།  ད་ལོའི་རྒྱུགས་ཞུགས་མི་སྣ་ས་ཡ་དགུ་བརྒལ་བ་ཙམ་འདུག་པར།  དངོས་གཞིའི་ཡན་གྱི་སློབ་མ་ས་ཡ་བརྒྱད་ཡས་མས་བསྡུ་རྒྱུ་ཡིན་འདུག་ཅིང་།  དེའི་ཁར་ཆེད་སྦྱོང་དང་སྒེར་གཉེར་སློབ་ཆེན་བཞག་ཚེ་ཧ་ལམ་ཀུན་པོ་སློབ་ཆེན་དུ་ཞུགས་མི་ཐུབ་པ་མེད།  དེར་བརྟེན།རང་ཅག་གི་ཉམས་ང་ཞིང་སྙིང་རྗེ་བའི་གནས་བབ་འདི་སྤྱི་ཚོགས་ལ་འབྲེལ་བ་ཡོད་ཅིང་།  སློབ་གྲྭ་ཚོར་འགན་འཁུར་ཡོད་ལ།  སློབ་གསོའི་སྲིད་འཛིན་མི་སྣར་དེ་བས་འབྲེལ་ལགས་པས།   ང་ཚོས་མཐོ་རྒྱུགས་ཀྱི་སྐབས་འདིར་བསྟུན་ཏེ་གནད་དོན་འདོན་ནས་བསམ་བློ་གཏོང་བ་དང་། ཐག་གཅོད་ཀྱི་ཐབས་ཤིག་ཀུན་གྱིས་བགྲོས་ན་ཨེ་མི་འགྲིག་སྙམ།

         རྒྱབ་ཁབ་སློབ་གསོ་སྡེ་ཁག་གིས་ལོ་རེར་སློབ་བསྡུ་རྣམ་པ་ནི་གཅིག་སྣོན་གཅིག་འཕྲི་(ཕྱོགས་གཅིག་ཇེ་མང་དང་ཕྱོགས་གཞན་པ་ཇེ་ཉུང་གཏོང་སྟངས)ལམ་ལུགས་ལྟར་ཐག་བཅད་པས་མི་རིགས་རང་སྐྱོང་ས་ཁོངས་སུ་རྒྱ་ཡིག་གཙོ་བོའི་རྒྱུགས་ཞུགས་སློབ་མ་ནི་ལོ་རེར་གཅིག་སྣོན་རང་བཞིན་ལྟར་འཕར་སྣོན་དང་བོད་ཡིག་གཙོ་བོས་རྒྱུགས་ཞུགས་སློབ་མ་ནི་ལོ་རེར་གཅིག་འཕྲི་རང་བཞིན་ལྟར་འཐེན་འཕྲི་བྱེད་པ་དེས་མཚོན་བོད་ཁུལ་གྱི་སློབ་མ་མང་པོས་བོད་ཡིག་གཙོ་བོས་སློབ་ཆུང་ནས་མཐོ་གསུམ་བར་དུ་སྦྱངས་པ་བྱས་མཐར་སློབ་ཆེན་དུ་སློབ་བསྡུ་བྱེད་གྲངས་ཉུང་དྲགས་པས་སློབ་བུ་མང་པོ་ཞིག་འགྲོ་ས་མེད་པར་ལུས་འདུག་པ་རེད།  དེ་འདྲ་མང་པོ་ཞིག་རྒྱལ་ཁབ་ཀྱི་ཚད་གཞི་ལྡན་པའི་སློབ་གསོ་མྱོང་བའི་རྗེས་ནས་འགྲོ་སའི་ལམ་བུ་མེད་པ་དེ་ནི་མི་རིགས་སོ་སོར་འདྲ་མཉམ་གྱི་སློབ་གསོ་མྱོང་སྟངས་ཤིག་ཡིན་ནམ།
          དྲང་མོས་བསྙད་ན།   བོད་པའི་སློབ་མ་སློབ་ཆེན་ནང་འགྲོ་རྒྱུ་དཀའ་ཁག་ཆེ་བའི་དམིགས་རྩ་ནི་གོང་རིམ་སྲིད་གཞུང་གིས་མི་རིགས་ཀྱི་སྐད་ཡིག་དབྱེ་འབྱེད་ཕྱོགས་རིས་ཀྱིས་རྒྱའི་སྐད་ཡིག་གིས་ཡོད་ཚད་དབང་བསྒྱུར་བྱེད་བསམ་པ་རེད། ངེད་ཅག་བོད་པ་ཚོས་ཀྱང་དོན་དག་དེ་ལ་སྣང་ཆུང་དུ་མི་གཏོང་བར་དེ་ལ་གདོང་ཐད་དུ་ལངས་རན་རེད་བསམ།མ་ཟད་བོད་ཀྱི་ཤེས་ལྡན་པ་གཙོས་ཞུ་གཏུག་ཡོང་རྒྱུ་དང་།བོད་ཀྱི་དཔོན་ཆེན་ཚོ་དང་བླ་སྤྲུལ་ཚད་ལྡན་པ་དག་གིས་དེ་ལ་དོ་སྣང་གིས་གོང་རིམ་སྲིད་གཞུང་ལ་ཡར་ཞུ་རེ་བྱེད་ན་བསམ་མོ།།

             2013ལོའི་ཟླ་6པའི་ཚེས་26ཉིན།
མདོ་ལྷོའི་ཐེ་བོ་རྫོང་ལ་སོང་བའི་མྱོང་ཚོར་ཙམ་ཡིན།  ༢༠༡༣ལོའི་ཟླ༩ཚེས༢༩ཉིན་ཐེ་བོ་རྫོང་ལ་སོང་བའི་མཐོང་ཐོས་ཙམ་ཁ་པར་ནས་ཤར་མར་བཏགས་ལ་ཟླ་༡༠པའི་ཚེས་༡༩ཉིན་བསྐྱར་བཅོས་བྱས་པ་དགེའོ།།
གཟའ་པ་སངས།, 18 /10/ 2013 12:48

མདང་ནུབ་ཀྱི་རྨི་ལམ་དུ།


མདང་ནུབ་ཀྱི་རྨི་ལམ་དུ།
ཁང་བརྩེགས་མཐོན་པོ་ཞིག་གི་ཁྲི་སྟེང་ན་གནས་འདུག
མདང་ནུབ་ཀྱི་རྨི་ལམ་ལས།
ཕུག་རོན་དཀར་པོ་ཞིག་ངའི་འཁྲིས་སུ་བཅར་བྱུང་།
མིག་ཟུང་བགྲད་དེ་བལྟས་ཙ་ན།
ཕུག་རོན་དེ་ཁ་བ་ཞིག་རེད།
ཁ་བ་གདོང་ལ་བབས་སོང་།
ཁ་བ་ཇེ་མང་ནས་ཇེ་བབས།
ངོ་གདོང་གི་ཕྱི་ནང་གཉིས་ལ་བབས་བྱུང་།


ཐོག་མ།སྔ་མ།123རྗེས་མ།མཐའ་མ།
ཤོག་ངོས་རྗེས་མ་དག་ཀློགས།