གསར་སྤེལ་ཟིན་བྲིས།

ཁ་བའི་འབྲོག་མོ།

ཁ་བའི་འབྲོག་མོ།

གཟའ་ཟླ་བ།, 10 /02/ 2014 13:38

རྣམ་ཤེས་དགུ་འགྱུར་མ།

གངས་དཀར་ལྷ་ཡི་རི་འདབས་ལ་གནས་པའི།།
སྦྲ་ནག་སྨུག་པོ་བསྟར་བའི་རུ་སྡེ་ན།།
ང་ཡི་རྣམ་ཤེས་གཉོམ་པོ་སྐྱེས་པར་སྐད།།
སེམས་ཀྱི་འོད་ཐིགས་སྲུང་མའི་དགུ་མདུད་ཡིན།།

རླུང་ནག་སྤྲིན་དང་བསྡོངས་པས་ཐང་ཆེན་གཡོ།།
སྲིན་མོ་དཀར་མོས་གཡུལ་ས་དབྱིངས་ལ་དཔྱངས།།
གཡུ་མདོག་ས་ཆེན་དུར་ཁྲོད་གནས་སུ་གྱུར།།
ང་ཡི་རྣམ་ཤེས་ཕྲ་མོ་མཐའ་ལ་འཁྱམ།།

ངུ་ཟུག་དགུ་ཚིགས་དབྱིངས་སུ་མཆེད་པ་དེས།།
འཇིན་རྟེན་ནག་པོའི་སེམས་པ་ཚལ་བར་གཤགས།།
བླ་སྲོག་དཀར་བོའི་གཤོག་ཟུང་དགུང་དུ་ལྡེམ།།
ང་ཡི་རྣམ་ཤེས་རིགས་པའི་རྒྱུ་ལ་འཁོར།།

རང་བྱུང་ལྷ་ཡི་དམ་བཅའ་བསྙེགས་པའི་ཡུལ།།
སྔོ་བསངས་གདུགས་ཀྱི་འདབ་མ་སྟོང་གིས་གཡོ།།
འདྲེ་ཡི་རྐང་ལག་མི་མངོན་མཁའ་ལ་བསྲིངས།།
ང་ཡི་རྣམ་ཤེས་མུན་པ་སྟུག་པོས་གཡོགས།།

གསང་བ་ལས་ཀྱིས་གྲུབ་པ་བདེན་པར་སྣང་།།
འབྱུང་བོའི་འཕྲུལ་གྱིས་མཛེས་པའི་ཞིང་ཞིག་བཀོད།
གསོན་པོའི་རོ་ཀོག་མངོན་སུམ་ཡུལ་ལ་སྟོན།།
ང་ཡི་རྣམ་ཤེས་བརྩེ་མེད་གཡུལ་ལ་ཕྱུངས།།

དུག་གི་ཁ་རླངས་འཇིག་རྟེན་ལ་འཐིམས་པས།།
ཁྲག་མདོག་མེད་པའི་རུས་རྐང་ཁམས་ལ་བྱེར།།
གྲུབ་ཐོབ་བྱམས་པའི་མིག་ཆུས་དངོས་གྲུབ་གཏོར།།
ང་ཡི་རྣམ་ཤེས་ཁྲུས་ཀྱིས་གཙང་མ་བྱས།།

ལྷོ་བྱ་དཀར་པོས་བདེན་པའི་ལམ་ཞིག་རྙེད།།
རང་དབང་མེ་སྒྲོན་སྣོད་བཅུད་ཡུལ་དུ་སྦར།།
སེམས་དང་བསམ་པ་བདེན་པའི་ཕྱོགས་ལ་ཤོར།།
ང་ཡི་རྣམ་ཤེས་འོད་ཀྱི་ཞིང་དུ་འཐེན།།

2014/2/9
གཟའ་ཟླ་བ།, 03 /02/ 2014 16:22

རེ་བའི་འདབ་མ་འདི་ན་བཞད།

དྲན་གདུང་གི་མིག་ཆུ་དྲོན་མོ།།
འཁྲེང་སེམས་ཀྱི་གངས་ཆབ་བསིལ་མ།།
ལྷད་མེད་ངང་གཅིག་ཏུ་འདྲེས་པའི།།
གཙང་ཆབ་དེ་དགའ་བས་རོལ་ཚེ།།
ཆུ་འཛིན་གྱི་འདབ་ཡངས་འཇམ་པོ།།
དགའ་སྤྲོ་ཡི་སེམས་ལ་སིམ་སོང་།།

བྱམས་སྐྱོང་གི་ཁ་ཏ་སྙན་མོ།།
མཛའ་སེམས་ཀྱི་དུངས་པ་ཟབ་མོ།།
དབྱེར་མེད་དུ་ཕྱོགས་སུ་བསྡེབས་པའི།།
དབྱངས་འགྲོས་དེ་ཚིམས་པར་རོལ་ཚེ།།
རྣམ་དག་གི་བདུད་རྩིའི་ཟེགས་མ།།
ཟིམ་ཟིམ་དུ་སེམས་ལ་བབས་སོང་།།

བདེ་སྐྱིད་ཀྱི་ཟུར་མིག་དྭངས་མོ།།
མཛའ་མཐུན་གྱི་ཕྱག་ཟུང་དྲོན་མོ།།
ལྷན་གཅིག་ཏུ་འཛོམས་པའི་ཁྱིམ་གཞིས།།
འགྱུར་མེད་ཀྱི་གཏམ་ལ་བླགས་ཚེ།།
ཡི་རངས་ཀྱི་སྙིམ་པ་དམ་པོ།།
ལྷོད་མེད་དུ་སྙིང་ཁར་སྦྱར་ཡོད།།

2014/ 1/2
གཟའ་སྤེན་པ།, 01 /02/ 2014 17:51

དགོས་དབང་གི་བསྣོལ་མཚམས།

ཕྱིར་དྲན་དང་རེ་བའི་ཀློང་ཆེན་གྱི་བསྣོལ་མཚམས།།
མིག་ཆུ་ལས་གྲུབ་པའི་དུངས་པ་དེའི་ཁྱུང་ཆེན།།
འབད་བརྩོན་གྱི་འབྲས་བུའི་བདུད་རྩི་དེ་ཁུར་ཏེ།།
དགའ་སྤྲོའི་ངང་གཞས་ཆུང་སྙན་མོ་དེ་བླངས་སོང་།།

སྟོན་མཇུག་གི་ལོ་ལེགས་དཔྱིད་དཔལ་ལ་བྱིན་ཏེ།།
འབྱུང་འགྱུར་ལ་བཅོལ་བའི་རེ་འདུན་གྱི་གཤོག་པས།།
བདག་མོ་དེའི་སེམས་པ་དམ་པོ་རུ་འཇུ་བཞིན།།
གངས་འདབས་ཀྱི་རུ་སྡེར་སྐོར་བ་རེ་བྱས་སོང་།།

སེམས་པ་དང་ཁྱུང་ཆེན་ཕྱོགས་གཅིག་ཏུ་འཕུར་བས།།
ཨ་འཐས་ཀྱི་དྲན་པ་ལྕགས་མདུད་ལྟར་བསྡམས་ཡོད།།
སྒྱུ་མ་ལས་ཐུ་བའི་ཁྲེལ་དགོད་ཀྱང་ཆེ་ཡང་།།
ལྷོད་མེད་ཀྱི་དམ་བཅའ་རང་ས་རུ་མི་གྲོལ།།

ཉིན་སྲིབ་ཀྱི་རྩི་ཤིང་འགྱུར་ལྡོག་ལ་བྲེལ་བས།།
མི་རྟག་པའི་རང་མདངས་སྦ་ཐབས་ཤིག་མི་འདུག།
ལས་སྐལ་གྱི་ཟོལ་ཏུ་གང་བྱུང་རེ་བྲིས་ཡོད།།
ཤེས་ལྡན་གྱི་གྲོགས་རྣམས་དགོངས་པ་རེ་མ་ཚོམས།།
2014/2/1
གཟའ་མིག་དམར།, 28 /01/ 2014 13:02

རྨི་ལམ་གྱི་གླུ་དབྱངས།

མཚན་གུང་གདུང་བ་དེའི་རྨི་ལམ་ནས།།
སེམས་ཀྱི་སྙན་ངག་དེ་ཡུལ་ལ་བསྲིངས།།
སྐད་ཅིག་དགའ་བ་འདིའི་སྟོང་འདང་གིས།།
འཁྲུལ་བའི་མི་ཚེ་ལ་གླུ་ཞིག་ལེན།།

རྩྭ་ལྗང་བསིལ་འཇམ་གྱི་སྤང་གཞོངས་དེས།།
བདག་གི་སེམས་པ་ལ་གཡུ་མདོག་མཛེས།།
སྦྲང་ཆར་བསིལ་མ་དེ་བབ་ཙ་ན།།
མེ་ཏོག་འདབ་སྟོང་གི་ལང་ཚོ་ངོམ།།

སྨག་གི་མེ་ལྕེ་དེ་སྤང་དུ་བྱེར།།
གཉུག་མའི་ཉི་ཟེར་གྱི་འོད་སྣང་བསྒྲིབས།
གསོན་པོ་སྙིང་རུས་ཅན་མིག་གི་ཏོག།
ཤི་བའི་རྣམ་ཤེས་ཀྱིས་ཐལ་མོར་སྦྱར།།

དགའ་བ་ཁྲི་ཕྲག་གིས་བཟི་བའི་ཡུལ།།
འཛུམ་དང་དགོད་སྒྲ་དེའི་རྣམ་ཤེས་གཏད།།
གློ་བུར་སྐྱ་རེངས་དེ་མཐའ་ནས་ཤར།།
སེམས་ཀྱི་སྤྲོས་པ་དེ་དགུང་དུ་གཤེགས།།

འགྱུར་བའི་རང་གཤིས་ཀྱི་མདོ་འཛིན་པས།།
མི་ཚེ་སྐྱིད་སྡུག་འདི་གླུ་ཡིས་ལེན།།
འཇིག་རྟེན་ཆུང་ཆུང་འདི་ཟླུམ་ཞིང་གོར།།
ང་དང་ཕ་ཡུལ་ལ་ཡུལ་གྱིས་བསྐལ།།

2014/1/27
སེམས་པའི་དུངས་ཞེན་ཉི་མ་དམར་པོ་སྟེ།།
ཉི་མའི་རྣམ་ཤེས་ཐོ་རངས་དང་པོ་ཡིན།།
སྐར་མའི་བགྲོད་ལམ་ཡངས་པའི་དཀྱིལ་འཁོར་ན།།
ནམ་མཁའི་ཐེམ་པ་རིང་པོ་ལྷ་ཡིས་དཔྱངས།།

མེས་པོ་ལྷ་ཡི་སེམས་པ་དཀར་པོ་དེ།།
ང་ཡི་འདུན་པའི་རྣམ་ཤེས་བཅོལ་ས་ཞིག།།
ལོ་ཟླ་ནག་པོས་མནར་པའི་སྐར་ཆེན་དེས།།
ན་ཟུག་ལྕི་མོ་དེབ་ཐེར་དམར་པོར་བྲིས།།

འཇིན་རྟེན་ཟེར་བའི་ཡུལ་ཞིག་མཐོང་བ་འདི།།
དེབ་ཐེར་དམར་པོ་ལྟ་བུའི་གཏམ་རྒྱུད་ཅིག།
རྣམ་ཤེས་ཁྲི་ཕྲག་བཞུད་བའི་དཔང་པོ་ལ།།
མིག་ཆུ་ཁྲག་ཏུ་བསྒྱུར་བའི་རི་མོ་བརྐོས།།

སེམས་པ་རྣམ་དག་འཛུམ་པའི་ཟེགས་མའི་འདབ།།
ནག་མོ་ཚོགས་པས་བཅོམ་པའི་མེ་ལྕེ་མཆེད།།
ནམ་མཁའི་དཀྱིལ་ལ་འཚེར་བའི་ཉི་མའི་མགོན།།
སྨག་གི་སྣོད་བཅུད་བསལ་བའི་འོད་ཀྱིས་གྲུབ།།

མཁའ་ལ་འཕུར་བའི་རྣམ་ཤེས་ཕྲ་མོ་འདིས།།
བརྩེ་བའི་མིག་ཟུང་གངས་རིའི་འདབས་ལ་འཕངས།།
ཉི་ཟླའི་སེམས་ལ་དུངས་པའི་གར་ཞིག་སྦྱར།།
གར་གྱི་རྒྱུན་ཐག་ཞི་བདེའི་མཚོ་ལ་འདྲེས།།

ང་ཡི་སེམས་པ་གཏམ་གྱིས་འོད་བྱས་པ།།
སྨག་གི་འཇིག་རྟེན་གསལ་བའི་སྒྲོན་མེ་ཉིད།།
བཙན་པོའི་ལོ་རྒྱུས་གསོ་བའི་ཁ་བའི་འདབ།།
རྒྱང་རིང་གངས་རིའི་ཕྱོགས་སུ་དལ་གྱིས་བབས།།

                                                   2014/1/19
གཟའ་སྤེན་པ།, 04 /01/ 2014 13:21

དུངས་སེམས།

དུངས་པའི་རྨི་ལམ་རིང་མོ་སེམས་ལ་འཁྱིལ།།
སེམས་པའི་མེ་ཏོག་རྒྱང་རིང་ཕྱོགས་སུ་བཞད།།
སྐད་ཅིག་གློད་པ་མེད་པའི་དྲན་གདུང་གིས།།
མིག་ཟུང་ངལ་བ་མེད་པར་ཆུ་ཐིགས་ཟགས།།

འཛུམ་དང་དགོད་སྒྲ་མང་བའི་སྲང་ལམ་ན།།
ཡིད་བརྟོན་བྱེད་སའི་གནས་ཤིག་རྙེད་མ་སོང་།།
རྒྱང་རིང་གངས་རིས་སྐོར་བའི་ཡུལ་ཕྱོགས་ལ།།
བརྩེ་བའི་གངས་ལྷ་མེ་ཏོག་མང་དུ་བཞད།།

འཇིན་རྟེན་སྨག་རུམ་སྟུག་པོས་བཟུང་གྱུར་ན།།
སྐྱི་པགས་ཙམ་གྱིས་འཛུམ་ལ་ཡིད་བརྟོན་ཅི།།
ལྷོག་ལྷོག་ལྡིང་བའི་ཡ་ཆུང་དམར་པོ་འདིས།།
ཉིན་མཚན་ལྟོས་མེད་བརྩེ་བའི་སོན་ཞིག་འདེབས།།
2014/1/4
གཟའ་སྤེན་པ།, 21 /12/ 2013 16:25

མུ་ཏིག་འདྲ་བའི་འབྲོག་མོ།

                   .......ངེད་ཚང་གི་མནའ་མར་ཕུལ།

རྒྱ་རྫོང་ནགས་མོའི་འདབས་ཀྱི་དབྱངས་ཅན་མ།།
གཞུང་དྲང་གཤིས་འཇམ་ལྡན་པའི་བློ་དཀར་མ།།
ཁྱིམ་གཞིར་བདེ་སྐྱིད་བསུ་བའི་གཡང་འཁོར་མ།།
རྒན་བརྩི་ཆུང་གཅེས་བྱེད་པའི་ཡ་རབས་མ།།

མ་འགྱུར་འགྱུར་བ་མེད་པའི་སེམས་བརྟན་མ།།
རུ་ཁ་ཁྱིམ་མཚེས་མཐུན་པའི་གཤིས་དྲང་མ།།
མུ་ཏིག་ནོར་བུ་འདྲ་བའི་བག་ཡངས་མ།།
ཐོག་མའི་སྤྲིས་ཀ་འདྲ་བའི་དྭངས་གཙང་མ།།

ཚེགས་དང་དཀའ་ལས་མི་འཛེམས་འཁོར་འཛིན་མ།།
བདག་གཞན་གཡོ་བ་མེད་པའི་ཚངས་ཐིག་མ།།
འཁང་ར་ཟློས་པ་མེད་པའི་བློས་གཏོང་མ།།
རྒྱང་རིང་བསྟོད་གླུ་ལེན་སའི་ཕྱྭ་གཡང་མ།།


2013/12/21
གཟའ་སྤེན་པ།, 30 /11/ 2013 20:13

བདེ་སྡུག་འཕྲང་ལམ་གྱི་ལོ་མ།

མི་ཚོགས་འདུ་འཛོམས་ཀྱི་ཁྲོམ་རའི་བར་ན།།
རྒྱང་རིང་མགྲོན་པོ་རྣམས་བྲེལ་བ་ཆེ་གི།།
དགའ་བའི་དག་ཞིང་ནས་ལོ་འདབ་རྒྱས་དུས།།
བརྩེ་བའི་སྤང་གཤོངས་ལ་བདུད་རྩིས་བཀང་སོང་།།

ཉག་ཁ་དང་པོ་ན་སྐྱ་མྱི་ཁེར་འགྲོ།།
རྫ་མགོ་དང་པོ་ན་གླུ་བ་ཁེར་རྐྱང་།།
སྐྱོ་གདུང་གཞས་ཚིག་འདིས་སེམས་པ་སྡུག་བྱུང་།།
སྡུག་པའི་མིག་ཆུ་དེ་ས་ལ་ཟགས་བྱུང་།།

ནམ་མཁའི་དཀོན་མཆོག་ལ་གསོལ་འདེབས་རིང་མོས།།
དྭངས་གཙང་རེ་སྒུག་གི་གསེར་སྐུད་འཐེན་ཡོད།།
ཙནྡན་དྲི་བསུང་གིས་ན་བུན་བསལ་ནས།།
ལྗོན་ཤིང་ནགས་མ་དེའི་སེམས་ཁྲལ་ཞི་བྱུང་།།

ཚིག་གི་མདུད་པ་དེར་གསེར་ཆུ་བྱུགས་ཏེ།།
མདུད་པའི་ཁ་དན་ནི་མ་བསྒྲིམ་རང་གྲིམ།།
རེ་བའི་རྨུ་ཐག་ཅིག་དབྱིངས་སུ་འཐེན་ཡོད།།
ཚངས་ཐིག་དཀར་པོ་ཁྱོད་སེམས་ཀྱི་དག་ཞིང་།།

བདེ་སྡུག་རྨི་ལམ་ཀྱི་བར་དོའི་འཕྲང་ན།།
གཡེངས་པའི་ལོ་མ་ཞིག་ཡར་འཕུར་མར་ལྡིང་།།
བདེ་བའི་ངལ་གསོ་ཞིག་སེམས་ལ་མ་བབས།།
སྡུག་པའི་རྦ་རླབས་དེ་མཐོན་པོའི་བྲག་རི།།

མ་འགྱངས་མི་འགྱངས་པའི་མཇལ་འཛོམས་དེ་ལ།།
རེ་བའི་མིག་ཟུང་དེ་སྤྲིན་པར་བསྡོངས་ནས།།
ཐག་རིང་སྐྱབས་མགོན་ལ་གསོལ་བ་བཏབ་ཀྱང་།།
སྡུག་གི་སྨུག་པ་དེ་ཡུན་གྱིས་འཐིབས་བྱུང་།།

2013/11/29
ཆུ་ཐིགས་རྡོག་པོ་གཅིག་གི་ཕ་རོལ་ལ།།
རླངས་པའི་ཟེགས་མའི་ཕྱེད་ཀ་ལྡིང་ཞིང་གཡོ།།
རླངས་པའི་རི་མོ་འཁྱིལ་བའི་དཀྱིལ་འཁོར་ན།།
མི་མངོན་གཏམ་གྱིས་མྱོས་པའི་ཉ་མོ་རྩེན།

ལྷོ་རུ་བཞུད་པའི་སྤྲིན་པ་དཀར་བོ་ཡིས།།
གར་དུ་སྤྲོས་པའི་ཉ་མོར་རམ་འདེམས་བྱེད།།
སྦྲང་ཆར་ཟམ་ཟིམ་མེ་ཏོག་བཞིན་ཏུ་གཏོར།།
སྤྲིན་པའི་སྒྲོ་ཐུལ་དབྱིངས་ཀྱི་དབུས་སུ་ཕུབ།།

གཏམ་གྱི་གླེང་མོལ་དྭངས་གཙང་ཆུ་ཕྲན་བཞིན།།
བརྗོད་པ་དོན་ལྡན་མི་འགྱུར་མཐོངས་མདངས་འདྲ།།
རྩེན་ཞིང་འཁྱུག་པའི་ཉ་མོའི་གཤིས་རྒྱུད་དེ།།
འགྱུར་མེད་སེམས་པ་རྡོ་ཡི་རི་མོ་བཞིན།།

དམ་ཞིང་བསླུ་བ་མེད་པའི་འཛུམ་མདངས་ཤིག།
མི་ཚོགས་འདུ་རྒོད་ཁྲོད་ལ་མི་མངོན་ཡང་།།
དུངས་པས་ཁེངས་པའི་འཛུམ་ཆུང་དྭངས་མ་དེ།།
སེམས་པ་ནང་དུ་བཀུག་ནས་ལྷོད་ཀྱིས་དགོད།།

རླངས་པའི་རྩེ་ལ་དཔྱངས་པའི་གཏམ་རྒྱུད་ཅིག།
ཡིག་འབྲུ་དཀར་བོའི་སོན་ཏུ་འགྱུར་བར་ཤོག།
མཛེས་པའི་རི་མོ་ཡུན་གྱིས་བྲིས་པ་དེ།།
མི་ཡི་སྒྱུ་རྩལ་ངོམས་པའི་ལས་ཤིག་གོ།

                 2013/11/18
གཟའ་ལྷག་པ།, 13 /11/ 2013 17:47

སྐྱོ་གླུ།

ཡུལ་གྱར་གྱི་འཚོ་བ་སྐྱུར་མོ།།
རོལ་མྱོང་གི་དུས་ལ་བབས་བྱུང་།།
སེམས་ཁམས་ཀྱི་དབྱར་ལྗོངས་དེ་ལ།།
ན་བུན་གྱི་དུད་སྤྲིན་ལང་ལོང་།།

ལོ་ཟླ་ཡི་ཤར་ནུབ་བར་ནས།།
དོན་ལྡན་གྱི་བྱ་གཞག་ཤོར་བྱུང་།།
དོན་མེད་ཀྱི་ལས་ཀ་ཙག་ཙིག།
གྲིབ་མ་བཞིན་འབྲལ་ཐབས་མི་འདུག།

མངོན་ལྐོག་གི་འཛུམ་ཆུང་མཛེས་པས།།
ཡིད་རྟོན་གྱི་སེམས་པ་བསླུས་བྱུང་།།
མཛེས་ལྗོངས་འདི་མངོན་གསུམ་ཡིན་ཡང་།།
བློ་གཏད་ཀྱི་འཁྲེང་སེམས་བརླགས་སོང་།།

གནས་མེད་ཀྱི་འཕྲང་ལམ་རིང་མོར།།
སྐྱོ་གདུང་གི་མཆི་མས་བརླན་བྱུང་།།
ཕ་ཡུལ་ལ་འཕངས་པའི་ཕྱིར་མིག།
མཁའ་དབྱིངས་ཀྱི་སྐར་མ་ཇི་བཞིན།།

ཨ་མ་ཡིས་བསླབས་པའི་གླུ་དབྱངས།།
རྨི་ལམ་གྱི་དཀྱིལ་འཁོར་ཉག་ཅིག།
རྒྱང་རིང་གི་ཕུ་ནུ་མིང་སྲིང་།།
དཔའ་ངར་གྱི་མགུར་གླུ་སྒྲོག་བྱུང་།།
2013/11/13
ཐོག་མ།སྔ་མ།12རྗེས་མ།མཐའ་མ།
ཤོག་ངོས་རྗེས་མ་དག་ཀློགས།