གསར་སྤེལ་ཟིན་བྲིས།

མཚོ་སྒོ་འཇམ་དབྱངས།

མཚོ་སྒོ་འཇམ་དབྱངས།

                                                                                                                                                      རྩོམ་པ་པོ་རོ་སི་ཐང། 

ངའི་བོད་རིགས་སྤུན་ཟླ་རྣམ་པ།
གསུམ་པའི་ཚེས་པ་བཅུ་ནི་ཁྱེད་ཚོ་ཙམ་མིན་པར་རྒྱ་རིགས་དང།  འགྲོ་བ་མིའི་རིགས་ཚང་མར་དམིགས་གསལ་གྱི་ཉིན་མོ་ཞིག་ཡིན།  ཕྱི་ལོ་༡༩༤༩ལོར་རྒྱ་ནག་དམར་ཤོག་ཚོགས་པས་དམར་པོའི་སྲིད་དབང་བཙུགས་ཏེ་བོད་ལ་དབང་བསྒྱུར་བྱས་པ་ནས་བཟུང་བོད་རིགས་མི་མང་ནི་ཁོང་ཚོའི་དབང་སྒྱུར་དང་གཉའ་གནོན་ལ་ངོ་རྒོལ་བྱེད་མཁན་ཐོག་མ་དེ་ཆགས་ཡོད་ཅིང་།  ངོ་རྒོལ་གྱེན་ལངས་དེ་ནི་དུས་སྐབས་དེའི་ནང་གཞི་རྒྱ་ཆེ་བའི་ངོ་རྒོལ་གྱི་ལས་འགུལ་ཐོག་མ་དེ་ཡང་ཆགས་ཡོད།   བོད་ཀྱི་དཔའ་བོ་དཔའ་མོ་རྣམས་ཀྱིས་ནོར་བུ་གླིང་ཁའི་མཐའ་བསྐོར་བ་དང་།  ལྷ་སའི་གཞུང་ལམ་སྟེང་དུ་ཁྲོམ་སྐོར་བྱས་པ་དེ་ནི་ང་ཚོར་ཆེས་འཇིགས་སྣང་ཆེ་ཞིང་གདུག་རྩུབ་ཆེ་བའི་ཆབ་སྲིད་ལམ་ལུགས་ལ་ངོ་རྒོལ་གྱེན་ལངས་ཀྱི་དཔེ་མཚོན་ཞིག་ཡིན་པ་བསྟན་ཡོད།   ཁྱེད་ཚོ་ནི་གསར་གཏོད་ཀྱི་བྱེད་པོ་ཞིག་ཡིན་པས་ངས་ཁྱེད་ཚོར་མིག་དཔེ་ལྟ་བཞིན་ཡོད།
ཕྱི་ལོ་༡༩༥༩ནང་བོད་མི་རྣམས་ཀྱིས་རྒྱ་ནག་གི་དབར་སྒྱུར་ལ་ངོ་རྒོལ་གྱེན་ལངས་བྱེད་སྐབས་ངའི་སྤུན་ཉེ་བཅུ་གཉིས་ཚུད་པའི་རྒྱ་རིགས་མང་པོ་ཞིག་མའོ་ཙེ་ཏུང་གི་(Great Leap Forward)མདུན་མཆོངས་ཆེན་མོའི་ལས་འགུལ་དེའི་ཁྲོད་བཀྲེས་སྐོམ་ཀྱིས་འདས་གྲོངས་སུ་གྱུར་ཡོད།  གྱེན་ལངས་བྱུང་བའི་རྗེས་སུ་བོད་མི་རྣམས་བཙོན་ལ་བཅུག་ཏེ་མནར་གཅོད་དང་སྡུག་སྦྱོང་ཚད་མེད་བཏང་ཡོད་པ་མ་ཟད།   མའོ་ཙེ་ཏུང་གི་(Anti-Rightist campaign)གཡས་ལྷུང་ལས་འགུལ་ལ་ངོ་རྒོལ་བྱེད་མཁན་རྒྱ་རིགས་ཤེས་ཡོན་པ་རྣམས་ཀྱང་བཙོན་འཇུག་བྱས་ཏེ་མནར་གཅོད་བཏང་ཡོད།
ལོ་ངོ་སུམ་བཅུའི་རྗེས་ཀྱི་ཕྱི་ལོ་༡༩༨༩ཟླ་བ་གསུམ་པའི་ནང་བོད་མི་རྣམས་ནི་སླར་ཡང་འཇིགས་སྣང་མེད་པའི་ཐོག་ནས་རྒྱ་ནག་གཞུང་གི་ཁ་གཏད་དུ་ལངས་མཁན་ཐོག་མ་དེ་ཆགས་ཤིང་།  བོད་མི་མང་པོ་ཞིག་དམར་གསོད་ཀྱང་བཏང་ཡོད།  ཁོང་ཚོས་རང་དབང་དང་མང་གཙོ།  རང་བཙན་གྱི་ཆེད་དུ་བློས་གཏོང་ཆེན་པོ་བྱས་ཡོད།སྐབས་དེ་དུས་ང་ནི་པེ་ཅིང་དུ་མཐོ་སློབ་ཀྱི་གསར་ཞུགས་སློབ་མ་ཞིག་ཡིན་ལ།  རྒྱ་རིགས་གྲོགས་པོ་ཞིག་ལྷ་སར་ལྟ་སྐོར་ལ་ཕྱིན་ཏེ་ཚུར་འཁོར་བ་དང་ཁོང་གིས་དྲག་བཅས་ཉེན་རྟོག་པས་བོད་མི་རྣམས་ལ་གདུག་རྩུབ་ཆེན་པོས་རྡུང་རྡེག་བཏང་བའི་སྐོར་དངོས་སུ་མཐོང་བ་ཞིག་ང་ཚོར་འགྲེལ་བརྗོད་བྱས་བྱུང་།  ངའི་རེ་བར་གནམ་བདེ་སྒོ་མོའི་སློབ་ཕྲུག་མང་པོས་ལོ་རྒྱུས་དེ་རིགས་མང་ཙམ་ཤེས་པ་དང་།  པེ་ཅིང་དང་ལྷ་སའི་སྡེབ་གསོད་ཀྱི་དོན་རྐྱེན་དེ་མ་བྱུང་སྔོན་ལ་བོད་མི་ངོ་རྒོལ་བ་རྣམས་དང་འབྲེལ་འདྲིས་ཀྱང་བྱུང་ཡོད་ན་བསམ་བྱུང་།  དེའི་རྗེས་ཕྱི་ལོ་༡༩༨༩ལོའི་དཔྱིད་ཀར་རྒྱ་ནག་གི་གྲོང་ཁྱེར་བརྒྱ་ཕྲག་བརྒལ་བའི་ནང་མི་མང་གིས་མང་གཙོའི་དོན་དུ་རྔམ་སྟོན་ཁྲོམ་སྐོར་བྱས་ཡོད།
སྐབས་དེ་དུས་ང་ཚོས་རང་རང་སོ་སོའི་ས་ནས་ལས་འགུལ་སྤེལ་གྱི་ཡོད་ལ།  ང་ཚོས་བརྡ་འཕྲིན་བརྒྱུད་ཕན་ཚུན་འབྲེལ་འདྲིས་དང་། ཐུན་མོང་གི་ཉམས་མྱོང་དང་གོ་རྟོགས་བརྗེ་རེས་བྱེད་རྒྱུར་བརྡ་འཕྲིན་བརྒྱུད་ལམ་གྱི་ཆ་རྐྱེན་མི་འདང་བར་ཁག་དཀྲི་བཏགས་ཆོག   ཕྱི་ལོ་༢༠༡༥ལོ་སྟེ་དྲ་རྒྱ་དང་ཁ་པར་སོགས་ཤུགས་ཆེ་དར་བའི་བརྡ་འཕྲིན་གྱི་དུས་རབས་འདིའི་ནང་ང་ཚོས་སོ་སོ་རང་ཉིད་ཀྱི་འཇིགས་ཞུམ་དང་། ལེ་ལོ་སོགས་ལ་ཁག་དཀྲི་བྱེད་རྒྱུ་ལས་གཞན་ཆ་རྐྱེན་མི་འདང་བའི་སྐྱོན་བརྗོད་དང་ལེ་འདའ་བྱེད་རྒྱུ་གང་ཡང་ལྷག་མེད།   རྒྱ་ནག་དམར་པོའི་སྲིད་གཞུང་གིས་ཐབས་ཤེས་ཡོད་ཚད་ཀྱིས་ང་ཚོ་ཁ་བྲལ་དུ་གཏོང་བའི་ཐབས་ཤེས་བྱེད་བཞིན་པ་མ་ཟད། ང་ཚོའི་དབར་དཀྲོག་རྐྱེན་བཟོ་ཅི་ཐུབ་ཀྱིས་ཕན་ཚུན་འཁོན་འཛིན་དང་མ་དགའ་བ་ཡོང་བའི་སྐུལ་སློང་བྱེད་ཀྱིན་ཡོད།   རྒྱ་ནག་གཞུང་གིས་རྒྱལ་ནང་དང་འཛམ་གླིང་ལ་རྗུན་གཏམ་ཁྱབ་གདལ་དུ་གཏོང་གིན་ཡོད་པ་མ་ཟད་སྲིད་འཛིན་ཨོ་བྷོ་མ་(Obama)དང་ཁོང་གི་བཟའ་ཟླ་(Michelle Obama)མ་ཁེལ་ཨོ་བྷོ་མ་གཉིས་ཀྱིས་ཀྱང་མང་ཚོགས་ཁྲོད་ཡོངས་བསྒྲགས་ཀྱིས་བོད་དེ་རྒྱ་ནག་གི་ཆ་ཤས་ཤིག་རེད་ཅེས་མངོན་སུམ་འཛེམས་མེད་ཀྱི་རྫུན་གཏམ་བཤད་ཡོད།  དེ་ནི་ངོ་ཚ་མེད་ཅིང་ཧམ་གཤེད་ཆེ་བའི་རྫུན་གཏམ་ཞིག་མ་རེད་དམ།   དེས་ང་ལ་ཁོང་ཁྲོ་དྲག་པོ་བསླངས་བྱུང་།
ང་ཕལ་ཆེར་ཕྱི་ལོ་༡༩༨༩ལོའི་ཟླ་བ་༦པའི་ཚེས་བཞིའི་ཉིན་གྱི་ཞོགས་པའི་གནམ་བདེ་སྒོ་མོའི་ཞི་བའི་ངོ་རྒོལ་ནང་གསོད་གྲབས་བྱས་བྱུང།  ག་རེའི་ཆེད་དུ་ཡིན་ནམ་ཞེ་ན།  དེ་ནི་མང་གཙོའི་ཆེད་དུ་རེད།  གལ་ཏེ་རྒྱ་རིགས་སྟོང་ཕྲག་ལྷག་མེད་ནའང་བརྒྱ་ཕྲག་ལྷག་ཙམ་ཞིག་ནི་མེ་མདའ་དང་ལྕགས་ཁྲབ་འཁོར་ལོའི་འོག་ཏུ་དམར་གསོད་གཏང་ཡོད།   སྤྱིར་བཏང་རྒྱུ་མཚན་འདི་གཅིག་པུའི་ཐོག་ནས་ང་ཚོས་སོ་སོའི་འདོད་མོས་ཡོད་པའི་དབུ་ཁྲིད་ཀྱི་ཆེད་དུ་འོས་ཤོག་འཕེན་པར་འདོད།
ངས་བྷ་རག་ཨོ་བྷོ་མ་ལ་འོས་ཤོག་འཕེན་པ་ནི་ཨ་རིའི་ནང་ང་ལ་ཨ་མི་རིའི་ཁའི་མི་སེར་ཆགས་པ་དང་འོས་ཤོག་འཕེན་པ་ཐེངས་དང་པོ་དེ་ཡིན།  ངས་ཁོང་གིས་འགྱུར་བ་ཏོག་ཙམ་ཞིག་གཏོང་བའི་རེ་བ་བརྒྱབ་པ་ཡིན།  གང་ཡིན་ཟེར་ན་ཁོང་གིས་ང་ཚོས་འགྱུར་བ་གཏོང་ཐུབ་ཀྱི་རེད་ཅེས་བརྗོད་སོང།  ཡིན་ནའང་ཁོང་གིས་འགྱུར་བ་དེ་ཙམ་བཏང་མེད་པ་མ་ཟད།   ལྷག་པར་དུ་རྒྱ་ནག་ཐོག་འཛིན་པའི་སྲིད་ཇུས་ཀྱི་ཁ་ཕྱོགས་ལ་དམིགས་བསལ་གྱི་འགྱུར་བ་གང་ཡང་བཏང་མེད།  དེར་བརྟེན་ཁོང་གིས་ང་ཚོ་བློ་ཕམ་སྐྱེ་རུ་བཅུག་སོང་།  འདིར་ངས་མི་སེར་རྒྱལ་ཁབ་ཀྱི་ཕྱོགས་གཏོགས་ལ་རྒྱབ་སྐྱོར་བྱེད་ཀྱི་མེད་པར་ཨོ་བྷ་མ་ལ་སྐྱོན་བརྗོད་བྱེད་ཀྱིན་ཡོད།  ངས་འདིར་འགྲོ་བ་མིའི་རིགས་ཀྱི་དྲང་བདེན་དང་ང་ཚོ་ཨ་རི་བ་ཞིག་ཡིན་པའི་ངོས་ནས་གཞི་རྩའི་ཐོབ་ཐང་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད།
ཨ་རི་ནི་མང་གཙོའི་ཁ་ཕྱོགས་སྟོན་མཁན་ཞིག་ཡིན་པ་ཆ་འཇོག་བྱེད་བཞིན་ཡོད་ཀྱང་ང་ཚོའི་རྒྱལ་ཁབ་ཀྱི་དབུ་ཁྲིད་རྣམས་ཀྱིས་ང་ཚོའི་ངོ་ཚབ་བྱེད་ཐུབ་ཀྱི་མེད།  ཁོང་ཚོས་འགྱུར་བ་ཆེན་པོ་ཞིག་གཏོང་འདོད་མེད་པ་དེ་ནི་རྒྱ་ནག་དང་མཉམ་དུ་དངུལ་བཟོ་འདོད་ཡོད་པའི་དབང་གིས་རེད།  རྒྱུ་མཚན་དེའི་རྐྱེན་པས་ཁོང་ཚོས་རྒྱ་ནག་གི་ཆེད་དུ་རྗུན་གཏམ་ཁྱབ་གདལ་དུ་བཏང་སྟེ་རྒྱ་ནག་དང་མཉམ་དུ་(Nazi)ནཱ་ཛི་ཧིཌ་ལར་སྐབས་ཀྱི་ཆབ་སྲིད་ཀྱི་ལམ་ལུགས་ལྟ་བུ་ཞིག་ཏུ་བསྐྲུན་གྱི་ཡོད།  སྲིད་འཛིན་ཞི་ཅིང་ཕིང་གི་འོག་ལ་ཡོད་པའི་རྒྱ་ནག་གཞུང་གིས་དངུལ་བེད་སྤྱད་དེ་ཚད་ལས་བརྒལ་བའི་འཇིགས་སྣང་བསྐུལ་བ་དང་།  མི་མང་དང་མཉམ་དུ་འཚེ་བ་དང་དཀྲོག་གཏམ་ཁྱབ་སྤེལ་བྱས་ཏེ་འགྲོ་བ་མིའི་རིགས་ཀྱི་ཁོར་ཡུག་བཙོག་པ་བཟོ་གི་ཡོད།  འདི་ནི་ཧ་ཅང་གི་ཉེན་ཁ་ཆེ་བའི་ཁ་ཕྱོགས་ཤིག་རེད།
སྲིད་གཞུང་གི་འགོ་འཁྲིད་དེ་དག་བཀག་སྡོམ་བྱེད་རྒྱུ་ནི་ང་ཚོ་ལ་རགས་ལས་ཡོད།  ང་ཚོ་ཨ་མི་རི་ཁ་བ་རྣམས་ཀྱིས་ཀྱང་ཁོང་ཚོས་བྱས་པ་དེ་ཡང་དག་ཅིག་མ་ཡིན་པ་ཤོད་དགོས།  ད་ཆ་ཧོང་ཀོང་མི་མང་རྣམས་ཀྱིས་མདུན་སྐྱོད་ཀྱི་རྒྱ་ནག་གཞུང་གི་གདུག་རྩུབ་སྲིད་བྱུས་ལ་སླར་ཡང་ངོ་རྒོལ་བྱེད་ཀྱི་ཡོད།  ལོ་ལྔ་བཅུའི་གོང་ལ་པེ་ཅིང་སྲིད་གཞུང་གིས་གྲོས་མཐུན་དོན་ཚན་བཅུ་བདུན་རྩིས་མེད་བཏང་བ་བཞིན་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཟེར་བའི་ལུགས་སྲོལ་དེ་ཡང་རྩིས་མེད་དུ་བཏང་ཡོད།
རྒྱ་རིགས་གསར་འགོད་པ་གྲགས་ཅན་སུའུ་ཞའོ་ཁང་(Su Xiaokang)གིས་ཉེ་དུས་རྩོམ་ཡིག་ཅིག་སྤེལ་བའི་ནང་རྒྱ་ནག་དམར་ཤོག་ཚོགས་པས་བོད་དང་ཤར་ཏུར་ཀི་སི་ཐན་གཉིས་ལ་ལམ་ལྷོང་བྱུང་བའི་ཁོང་ཚོའི་ཆབ་སྲིད་ལམ་ལུགས་དེ་ད་ཆ་ཧོང་ཀོང་ལ་སྤེལ་ཏེ་རིམས་པས་ཧོ་ཀོང་ཡང་བཟའ་བཞིན་འདུག་ཅེས་ཟེར།  པེ་ཅིང་གིས་མི་གསོད་ཁྲག་སྦྱོར་བྱས་ཏེ་སྲིད་དབང་སྒེར་འཛིན་གྱི་ལམ་ལུགས་རྒྱ་བསྐྱེད་གང་འདྲ་ཞིག་བྱས་སོང་།  འདི་ནི་ཞེད་སྣང་ཚ་པོ་ཞིག་ཡིན་པ་མ་ཟད་ཧ་ཅང་གི་གདུག་རྩུབ་ཆེ་བའི་དབང་ཆ་རྒྱ་བསྐྱེད་བྱས་པ་ཞིག་ཏུ་ངོས་ལེན་བྱེད་བཞིན་ཡོད།  རྒྱ་ནག་གི་དཔོན་རིགས་དེ་དག་གིས་རིན་བབ་མཐོ་བའི་འཛམ་གླིང་གི་ཚོང་རྟགས་གྲགས་ཅན་གྱི་རྒྱུ་ནོར་རྣམས་ལྐོག་ས་རུལ་སྲུངས་ཀྱིས་ཧམ་འཕྲོག་བྱས་ཏེ་ཁོང་ཚོའི་ནང་མི་དང་།  མཐུན་ཕྱོགས་མི་སྣ།  ཟུར་མོ་སོགས་ལ་སྤྲད་དེ་ཧ་ཅང་གི་རྒྱས་སྤྲོད་བྱེད་ཀྱི་ཡོད་པ་ང་ཚོས་མཐོང་ཐོས་ཡོང་གི་ཡོད།  ཁོང་ཚོའི་བུ་མོ་དེ་དག་ཡང་ཨ་རིའི་བྱང་ཤར་ཁུལ་གྱི་མཐོ་སློབ་ཆེ་ཁག་ཏུ་ཡོད་ལ་ཁོང་ཚོས་ང་ཚོའི་སྙིང་དང་སེམས་ལ་ཚོད་འཛིན་བྱས་ཏེ་མང་གཙོའི་འགྲོ་ལུགས་ཡོངས་རྫོགས་བཙོག་པ་བཟོ་གི་ཡོད།
སྲིད་འཛིན་ཨོ་བྷ་མས་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་གི་ཁ་གཏད་དུ་ལང་འདོད་མེད་ཀྱང་ང་ཚོས་ཁོང་གི་སྤྱོད་ཚུལ་ལྟ་བུ་རྒྱལ་ཁབ་གཞན་གྱི་དབུ་ཁྲིད་རྣམས་ཀྱང་རྒྱ་ནག་གཞུང་གི་མངོན་འདོད་སྐོང་བའི་སྤྱོད་ངན་འདིལྟ་བུ་བྱེད་དུ་འཇུག་མི་ཉན་པ་ཞིག་རེད།  ངས་བོད་རིགས་སྤུན་ཟླ་ཡོངས་ལ་ཕུལ་བའི་ཞུ་ཡིག་དང་།  འདིར་བཤད་པའི་སྐད་ཆ་དེ་དག་གིས་ང་ཚོ་གནོད་འཚེ་ཕོག་མཁན་ཚང་མ་མཐུན་སྒྲིལ་གྱིས་ནུས་པ་མཉམ་དུ་སྤུངས་ཏེ་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་ལ་ངོ་རྒོལ་བྱེད་དགོས་པའི་འབོད་སྐུལ་བྱེད་བཞིན་ཡོད།  ང་ཚོ་ཚང་མ་འཐབ་རྩོད་པ་ཞིག་བྱེད་ཆོག་གི་རེད།  ང་ཁེར་རྐྱང་འཐབ་རྩོད་པ་ཞིག་མིན།  རྒྱ་རིགས་གསར་འགོད་པ་གྲགས་ཅན་སུའུ་ཞའོ་ཁང་(Su Xiaokang)གིས་བོད་མི་དང་།  རྒྱ་རིགས།  ཡུ་གུར་བ།ཧོང་ཀོང་པ།  ཐའི་ཝན་པ།  སོག་པོ་བཅས་མཉམ་རུབ་ཀྱིས་གདོང་ལེན་བྱེད་དགོས་པའི་ཛ་དྲག་འབོད་བསྐུལ་བྱས་ཡོད།
ང་ཚོ་མི་རེ་ངོ་རེ་ཕྱིར་ཐོན་ཏེ་མཐུན་སྒྲིལ་གྱི་ངོ་བོར་ག་དུས་གཅིག་ཏུ་འགྱུར་བ་དང་།  ང་ཚོས་ལས་ཁུངས་གི་རྣམ་པའི་ཐོག་ནས་མཐུན་སྒྲིལ་གྱི་ཕྱོགས་སུ་ལས་དོན་ཅི་ཞིག་ཡིན་ཡང་བསྒྲུབ་ཆོག་གི་རེད།  དེ་ཡིས་ང་ཚོ་སྟོབས་ཤུགས་ཅན་ཞིག་ཏུ་འགྱུར་ཐུབ་ཀྱི་རེད།  ང་ཚོས་གང་ཞིག་ཡིན་ཡང་འགྱུར་ལྡོག་ཡོང་བ་བཟོ་ཐུབ།  ང་ཚོ་ལ་འགྱུར་ལྡོག་དེ་འདྲ་ཡོང་བ་ལ་དངུལ་ཁང་ཆེ་ཁག་དང་།  ཚོང་རིགས་མི་སྣ།ཆབ་སྲིད་མི་སྣ་བཅས་ཀྱིས་བཤད་པ་ལ་མི་ལྟོས་པར་ང་ཚོ་ལ་ཅི་ཞིག་དགོས་པ་ང་ཚོས་སྒྲུབ་ཐུབ།
དེང་སང་ཨ་རིའི་སྤྱི་ཚོགས་འདི་ནི་བརྩེ་སེམས་ལས་ལྡོག་ཏེ་འཇིགས་སྣང་གི་སྤྱི་ཚོགས་ཤིག་ཆགས་ཡོད་ལ་མི་ཚང་མས་རྒྱ་ནག་གི་གྱོན་གོས་མེད་པའི་གོང་མ་དང།  ཤོག་བུའི་སྟག ཤོག་བུའི་འབྲུག་དེ་དག་གཡོ་སྒྱུའམ་རྫུས་མ་ཞིག་ཡིན་པ་ཤེས་བཞིན་དུ་ཁས་ལེན་བྱེད་རྒྱུར་འཇིགས་སྣང་ཡོང་གི་ཡོད།  ད་དུང་ཡང་ཨ་རི་བ་རྣམས་རྒྱ་ནག་གི་སྟོབས་ཆེན་མིང་གྲགས་ལ་འཇིགས་སྣང་ཡོང་གི་ཡོད་པ་མ་ཟད།  ཁོང་ཚོ་རང་ཉིད་ཀྱི་ཚོང་དང།  རྒྱ་ནག་ལ་གུང་སེང་དུ་འགྲོ་རྒྱུའི་མཐོང་མཆན་རགས་ཐབས་ལ་དམིགས་ཏེ་དེ་དག་ཁྲོམ་བསྒྲགས་བྱེད་ཀྱི་མེད།  རྒྱ་ནག་གིས་འཛམ་གླིང་ལ་མགོ་སྐོར་དང་།  གཡོ་བྱུས་ཀྱི་ཐབས་ཤེས་ལ་བརྟེན་ནས་རྒྱ་ནག་འདི་བཞིན་སྟོབས་ཆེན་རྒྱལ་ཁབ་ཞིག་ཡིན་པ་འཛམ་གླིང་ཡིད་ཆེས་སུ་འཇུག་གི་ཡོད།  འདི་ནི་འཛམ་གླིང་ཡོངས་རྫོགས་དབང་དུ་བསྡུས་པ་ལྟ་བུ་ཞིག་རེད།
སྟབས་མི་ལེགས་པ་ཞིག་ལ་རྒྱ་ནག་གཞུང་གིས་བཙན་དབང་གི་འཛམ་གླིང་ཡིད་ཆེས་སུ་འཇུག་གི་ཡོད།  བོད་ཀྱི་བདག་པོ་བོད་མི་ཡིན།  བོད་ནི་ནམ་ཡང་རྒྱ་ནག་གི་ཆ་ཤས་ཤིག་མིན།  རྒྱ་ནག་གི་བདག་པོ་རྒྱ་མི་རིགས་ཡིན།  ཀྲུང་ཧྭ་མི་མང་སྤྱི་མཐུན་རྒྱལ་ཁབ་འདི་ནི་མི་མང་ལ་དབང་བ་ཞིག་རེད། ཧོང་ཀོང་གི་བདག་པོ་ཧོང་ཀོང་བ་ཡིན།   ཐཱེ་ཝན་ནི་རང་བཙན་གྱི་རྒྱལ་ཁབ་ཞིག་རེད།  ཡུ་གུར་དང་ལྷོ་སོག་པོ་ཁོང་ཚོར་ཡང་རང་བཙན་འཐོབ་འོས་པ་ཞིག་རེད།
རྒྱ་ནག་གི་སྲིད་བློན་ལི་ཁེ་ཆིང་(Li keqiang)གིས་ཟླ་བ་༣པའི་ཚེས་༤ཉིན་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་ལོ་འཁོར་ཚོགས་འདུའི་ཐོག་བཤད་པའི་གཏམ་བཤད་ནང་རྒྱ་ནག་གིས་ཐཱེ་ཝན་གྱི་རང་བཙན་ལས་འགུལ་ལ་ག་དུས་ཡིན་ཡང་ངོ་རྒོལ་བྱེད་ཀྱི་ཡོད་ཅེས་བརྗོད་ཡོད།  ཁོས་འདི་འདྲ་བརྗོད་དགོས་དོན་ཅི་ཡིན་ནམ།  གང་ཡིན་ཟེར་ན་ཐཱེ་ཝན་ནི་ཕྱི་ལོ་ ༡༩༤༩ ནས་བཟུང་རང་བཙན་རྒྱལ་ཁབ་ཞིག་ཡིན་པ་ཁོས་གསལ་པོ་ཤེས་ཀྱི་ཡོད་པས་ཡིན།  ཁོང་ཐཱེ་ཝན་གྱི་རང་བཙན་ལ་ཞེད་པ་ཡིན་ནམ་ཡང་ན་ཀྲུང་ཧྭ་མི་མང་སྤྱི་མཐུན་རྒྱལ་ཁབ་འདི་ཐཱེ་ཝན་མི་མང་གི་བྱ་སྤྱོད་ཀྱི་མིག་དཔེ་ལ་ཞེད་པ་ཡིན་ནམ།
ཕྱི་ཟླ་༣པའི་འགོ་སྟོད་ནང་ཧོང་ཀོང་གི་སློབ་གྲྭ་ཆེ་མོས་སྣེ་འཁྲིད་དེས་ཧོང་ཀོང་མི་མང་ཐཱེ་ཝན་གྱི་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་གསུམ་པ་ཞིག་ཆགས་ཡོད་པ་གསལ་སྟོན་བྱས་ཡོད།  དེ་ནི་ཕྱི་ལོ་༡༩༩༤ནས་བཟུང་ཁ་གྲངས་མང་ཤོས་ཤིག་ཆགས་པ་ཧོང་ཀོང་མི་མང་གི་བརྒྱ་ཆ་༣༦གིས་མོས་མཐུན་བྱས་ཡོད།  འདས་པའི་ཟླ་བ་ཁ་ཤས་ནང་ཧོང་ཀོང་གི་མི་མང་ཇེ་མང་ནས་ཇེ་མང་གིས་རང་བཙན་གྱི་ཆེད་དུ་བགྲོ་གླེང་དང་། བསམ་ཚུལ་ཁྱབ་སྤེལ་བྱས་པ་མ་ཟད་གཞུང་ལུགས་དང་དངོས་ཐོག་གི་ཐབས་ལམ་དང་མཐུན་པའི་སྒོ་ནས་རང་བཙན་གྱི་ཆེད་དུ་ལས་ཀ་བྱེད་བཞིན་ཡོད།    
འདི་ནི་ཆར་གདུགས་གསར་བརྗེ་(Umbrella Revolution)ལས་བྱུང་བའི་མེ་སྟག་གི་འཕེལ་ཕྱོགས་གསར་པ་ཞིག་རེད།  སློབ་ཕྲུག་གཙོ་བོར་གྱུར་བའི་ངོ་རྒོལ་བ་མང་པོས་པེ་ཅིང་གིས་དོན་ངོ་མའི་ཡོངས་ཁྱབ་ཀྱི་འོས་བསྡུའི་ཐོབ་ཐང་ཞིག་སྤྲོད་ཀྱི་རེད་དམ་སྙམ་པའི་དོགས་གནད་ཡོང་གི་ཡོད།  ཉེན་རྟོག་པས་རྡུང་རྡེག་བཏང་བ་དང།  མིག་ཆུའི་དུག་རླངས།  མིག་ཚ་བྱེད་ཀྱི་རྫས་གཏོར་བ་འདི་ཡིས་མི་མང་པོ་ཞིག་རྨོངས་གཉིད་ལས་བསད་པ་མ་ཟད་རྨི་ལམ་དང་ལོ་འགའ་ཤས་སྔོན་ལ་ཡང་འཁོར་མི་ཐུབ་པའི་ཐབས་ལམ་མང་པོ་ཞིག་དྲན་དུ་བཅུག་ཡོད།  ཧོང་ཀོང་ནང་ལ་ག་རེ་བྱུང་བ་འདི་ཡིས་ཐཱེ་ཝན་ཐོག་ལ་ད་ལྟ་ནས་ཐད་ཀར་ཤུགས་རྐྱེན་ཐེབས་ཡོད།  སྤྱི་ཟླ་བཅུ་གཅིག་པའི་ནང་པེ་ཅིང་གི་མཐུན་ཕྱོགས་གོ་མིན་ཏང་ཚོགས་པ་(Kuo min tang)ས་གནས་ཀྱི་འོས་ཤོག་ལས་མང་གཙོ་ཚོགས་པས་ཕམ་ཉེས་སུ་བཏང་བ་དང་སྤྱི་ཟླ་བཅུ་གཉིས་པའི་ཟླ་དཀྱིལ་ནང་ང་ཐཱེ་ཝན་གྱི་རྒྱལ་ས་ཐའེ་པེ་ལ་(Taipei)ལྟ་སྐོར་དུ་བསྐྱོད་སྐབས་འདི་གའི་ཡུལ་མི་རྣམས་ཀྱིས་མང་གཙོ་ཚོགས་པས་ཐཱེ་ཝན་མི་མང་གིས་གལ་སྲིད་གོ་མིན་ཏང་ཚོགས་པ་ལ་འོས་ཤོག་འཕེན་ཚེ་ཐཱེ་ཝན་འདི་བཞིན་མ་འོངས་པར་ཧོང་ཀོང་ལྟ་བུར་འགྱུར་གྱི་རེད་ཅེས་པའི་འབོད་ཚིག་ལས་གོ་མིན་ཏང་ཕམ་ཉེས་སུ་བཏང་བའི་སྐོར་ང་ལ་བཤད་བྱུང་།
དེང་སང་གི་ཧོ་ཀོང་དེ་གློ་བུར་ཉམས་རྒུད་དུ་ཕྱིན་ཏེ་བོད་ལྟ་བུར་འགྱུར་བཞིན་ཡོད།  ལོ་སྔོན་མའི་ཟླ་བ་བཅུ་གཉིས་པའི་ཆར་གདུགས་གསར་བརྗེའི་སྐབས་ངས་བོད་ཀྱི་རྒྱལ་དར་བསྒྲེངས་བ་དང་འཕྲལ་དུ་དེ་གའི་ཡུལ་རྣམས་ཀྱིས་རྒྱལ་དར་དེ་བོད་ཀྱི་ཡིན་པ་ཤེས་ཏེ་ང་ཚོ་བོད་ལྟར་འགྱུར་འདོད་མེད་ཅེས་ང་ལ་བརྗོད་བྱུང།
རྒྱ་ནག་གཞུང་འདི་གདུག་རྩུབ་ཆེ་བའི་དབང་གིས་མི་མང་ཇེ་མང་ནས་ཇེ་མང་གཞུང་དང་མཉམ་དུ་གྲོས་མོལ་བྱེད་རྒྱུའི་བསམ་བློ་དོར་དགོས་པའམ་ཡང་ན་རྒྱལ་སྤྱིའི་ཆབ་སྲིད་སྤྱོད་ཚུལ་ལ་བཅོས་སྒྱུར་ཡོང་རྒྱུར་རེ་སྒུག་བྱེད་བཞིན་ཡོད།  ང་ཚོ་གནམ་བདེ་སྒོ་མོའི་སློབ་ཕྲུག་རྣམས་ཀྱིས་ལོ་ངོ་ཉི་ཤུ་རྩ་དྲུག་གོང་ནས་སློབ་གསོ་དེ་ཁག་པོ་ཞིག་ཡིན་པ་ཤེས་རྟོགས་བྱུང་ཡོད།  ཟླ་བ་གཉིས་ཙམ་རིང་ང་ཚོས་ཟད་བཅད་ངོ་རྒོལ་དང་།  གོམ་བགྲོད།  མི་མང་འདུ་འཛོམས་བྱས་ཀྱང་གཞུང་དང་མཉམ་དུ་གྲོས་བསྡུར་ག་རེ་བྱེད་རྒྱུ་ཡོད་ཅེས་འདྲི་རྒྱུའི་ཚབ་ཏུ་ང་ཚོར་སྡེབ་གསོད་བཏང་ཡོད།  རྒྱུ་མཚན་དེའི་ཕྱིར་གྲོས་མོལ་ཟེར་བ་ནམ་ཡང་ཡོང་ཐབས་མེད་པ་ཞིག་རེད།
ཧོང་ཀོང་གི་སློབ་ཕྲུག་རྣམས་ཀྱིས་ཟླ་བ་གཉིས་ལྷག་རིང་སྲང་ལམ་སྟེང་དུ་སྒར་རྒྱབ་སྟེ་ཟས་བཅད་ངོ་རྒོལ་བྱས་པར་བརྟེན་ཉེེེེེན་རྟོག་པས་ཁྲིམས་མེད་ལུགས་མེད་ཀྱིས་ཉེས་རྡུང་ཚབ་ཆེན་བཏང་ཡོད།  ཁོང་ཚོ་མང་ཆེ་བ་མཐོ་སློབ་ཀྱི་སློབ་ཕྲུག་གཞོན་ནུ་ཤ་སྟག་ཡིན་ལ་རེ་འགའ་ང་ཚོ་གནམ་བདེ་སྒོ་མོའི་སློབ་ཕྲུག་ལས་ཀྱང་ཆུང་བ་འདུག། ཧོང་ཀོང་གི་ངོ་རྒོལ་བ་རྣམས་ཀྱིས་ཉེན་རྟོག་པས་བཙལ་སྐུལ་གྱི་ངོ་རྒོལ་བྱེད་སའི་ས་ཆ་འདི་ལས་ཕྱིར་མ་བཏོན་གྱི་བར་དུ་ད་དུང་ཡང་ཁོང་ཚོས་པེ་ཅིང་གིས་དོན་ངོ་མའི་ཡོངས་ཁྱབ་ཀྱི་འོས་བསྡུའི་ཐོབ་ཐང་ཞིག་སྤྲོད་པའི་ཁས་ལེན་དེ་མཐར་འཁྱོལ་ཡོང་རྒྱུར་རེ་བ་བྱས་ཏེ་བསྡད་ཡོད།  ཡིན་ཡང་སློབ་ཕྲུག་གི་འགོ་ཁྲིད་དེ་དག་གཞུང་འབྲེལ་གྱི་དཔོན་རིགས་དང་མཉམ་དུ་པེ་ཅིང་ལ་གྲོས་མོལ་བྱེད་དུ་འགྲོ་རྒྱུའི་འཆར་གཞི་ཡོད་ཀྱང་ཐ་ན་ཁོང་ཚོ་གནམ་གྲུའི་ནང་དུའང་འཛུལ་དུ་བཅུག་མེད།
ཧོང་ཀོང་གིས་ཉེན་རྟོག་པས་ང་ཚོ་ཆར་གདུགས་གསར་བརྗེ་ལས་ཕྱིར་ཕུད་བྱས་ཏེ་ངོ་རྒོལ་བྱེད་སའི་ས་ཆ་གཙང་མ་བཟོ་ཐུབ་ཀྱང་།  ཁོང་ཚོས་ང་ཚོའི་སྙིང་སྟོབས་ནམ་ཡང་གཅོག་ཐུབ་ཀྱི་མ་རེད་ཅེས་ངོ་རྒོལ་བ་མང་ཆེ་བས་ང་ལ་བཤད་བྱུང།  ལོ་སྔོན་མའི་ཟླ་བ་བཅུ་གཉིས་པའི་ནང་ཧོང་ཀོང་གི་ཉེན་རྟོག་པས་ངོ་རྒོལ་བྱེད་སའི་ས་ཆ་ཆེ་ཤོས་དེ་དག་གཙང་མ་བཟོས་ཏེ་ཆར་གདུགས་གསར་བརྗེ་ཡོངས་སུ་འཇུག་བསྒྲིལ་བྱས་ཀྱང་ངོ་རྒོལ་བའམ་མི་མང་ལ་ཞི་བའི་ཚོགས་པ་དེ་དག་གིས་སེམས་འགུལ་ཐེབས་སུ་བཅུག་སྟེ་གསར་བརྗེ་མུ་མཐུད་ནས་གནས་སུ་བཅུག་ཡོད།  མི་མང་དེ་དག་ནི་བསམ་བློ་ཡར་ཐོན་ཅན་གྱི་ཆེད་ལས་པ་དང་།  ཁྲིམས་རྩོད་པ་གྲགས་ཅན། དངུལ་ཁང་དོ་དམ་པ།  གསར་འགོད་པ་བཅས་ལས་གྲུབ་པ་ཞིག་ཡིན།  སྤྱི་ཁྱབ་ལས་ཁུངས་དང་ཁྲིམས་བཟོ་ལྷན་ཁང་གི་གཞུང་ལམ་གཡས་གཡོན་མི་མང་ཕོན་ཆེན་པོས་བདག་བཟུང་བྱས་ཏེ་བསྡད་ཡོད།
ཁོང་ཚོ་གུར་ནང་དུ་གནས་སྡོད་བྱས་ཏེ་དུས་ཡུན་རིང་པོ་སྡོད་རྒྱུའི་འཆར་གཞི་ཡོད་པ་རེད།  ལོ་ན་དགུ་བཅུ་ལ་སོན་པའི་ངོ་རྒོལ་བ་ཆེ་ཤོས་མིང་འདོགས་ཝང་(Wong)ཡིན་པ་ཁོང་གིས་དཔྱིད་གསར་དུས་ཆེན་ཡང་གུར་གི་ནང་དུ་བཏང་ཡོད།  དམར་ཤོག་གི་དཔུང་དམག་རྒྱ་ནག་ནང་དུ་འབྱོར་བའི་རྗེས་སུ་ཝང་ཁོང་(wong)བྲོས་བྱོལ་དུ་ཕྱིན་ཡོད།  གང་ཡིན་ཟེར་ན་ཁོང་གིས་རང་དབང་གི་རིན་ཐང་གསལ་པོ་ཤེས་པས་རེད།  ཁོང་ཚོ་ལ་ངེས་པར་དུ་ང་ཚོའི་རྒྱབ་སྐྱོར་དགོས་ཀྱི་ཡོད།  ངོ་དེབ་བམ་སྤྱི་ཚོགས་ཀྱི་བརྒྱུད་ལམ་གཞན་བརྒྱུད་ནས་ཁོང་ཚོར་འཕྲིན་ཐུང་གཏོང་རོགས་ཞུ། ཐུགས་རྗེས་གཟིགས། ཧོ་ཀོང་གི་གནམ་ཐང་ལ་འགྲོ་རྒྱུའི་མཐོང་མཆན་རག་རྒྱུ་དེ་ནི་ཧ་ཅང་གི་ལས་སླ་པོ་ཞིག་ཡིན་པ་དང་།  གལ་སྲིད་གནམ་ཐང་ནས་གྲོང་ཁྱེར་ལ་འགྲོ་ཐུབ་ཚེ་ཁོང་ཚོར་འཚམས་འདྲི་བྱས་པ་དང་ཁོང་ཚོས་སྐུ་ཉིད་མཇལ་བ་དང་དགའ་ཚོར་བྱེད་ཀྱི་རེད།  ཧོང་ཀོང་གི་མཁས་དབང་དང་རླུང་འཕྲིན་རྒྱང་སྲིང་བྱེད་མཁན་ཞི་བའི་ཚོགས་པ་སྣེ་ཁྲིད་པས་ཉེ་ཆར་ངའི་ངོ་དེབ་ཐོག་ཡོངས་གྲགས་ཀྱིས་རོ་སི་ལགས་ཁྱེད་ག་དུས་ཕྱིར་ལོག་ཡོང་གི་ཡིན་ནམ་ཞེས་བྲིས་འདུག་པ་དང་།  ངས་ལོ་འདིའི་ནང་ཡོང་གི་ཡིན་ཞེས་ལན་འདེབས་བྱས་པ་ཡིན།   ཁོང་གིས་ཁྱེད་ག་དུས་ཕྱིར་ལོག་ཡོང་བ་དང་བོད་ཀྱི་ཆེད་དུ་ཅི་ཞིག་ཡིན་ཡང་བྱེད་རོགས་གནང་ཞེས་བྲིས་འདུག།།
ཧོང་ཀོང་དང་དབྱིན་ཇི་མཉམ་འབྲེལ་གྱིས་གསལ་བསྒྲགས་བྱས་པའི་གཞི་རྩའི་ཁྲིམས་ལུགས་ལ་དོ་སྣང་ཞིག་བྱས་ན་དེ་དག་ནི་ཤོག་བུ་གཅིག་པུའི་སྟེང་དུ་འཁོད་པའི་ཁྲིམས་ཙམ་ཞིག་རེད་ལ་རྒྱ་ནག་གི་རྩ་ཁྲིམས་ཡང་དེ་བཞིན་རེད།  རྒྱ་ནག་གི་རྩ་ཁྲིམས་དོན་ཚན་སུམ་ཅུ་སོ་གསུམ་པའི་ནང་ཁྲིམས་ཀྱི་མདུན་དུ་ཀྲུང་ཧྭ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆབ་འབངས་ཚང་མ་འདྲ་མཉམ་ཡིན་པ་འཁོད་ཡོད་ལ།  དོན་ཚན་སོ་བཞིའི་ནང་ཀྲུང་ཧྭ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆབ་འབངས་ཚང་མ་ལོ་ན་བཅོ་བརྒྱད་སོན་པ་དང་འོས་བསྡུར་ལངས་ཏེ་འོས་འཕེན་ཆོག་ལ།  དོན་ཚན་སོ་ལྔའི་ནང་ཆབ་འབངས་ཚང་མར་སྨྲ་བརྗོད་རང་དབང་དང།  གསར་འགོད་རང་དབང་།  འདུ་འཛོམས་རང་དབང་།  ཚོགས་པ་འཛུག་ཆོག་པའི་རང་དབང།  ཁྲོམ་སྐོར་བྱེད་ཆོག་པའི་རང་དབང་ཡོད་པ་བཅས་འཁོད་ཡོད།  དོན་ཚན་སོ་དྲུག་པའི་ནང་དུ་ཆབ་འབངས་ཚང་མར་ཆོས་ལུགས་ལ་དད་པ་བྱེད་ཆོག་པའི་རང་དབང་ཡོད་པ་གསལ་ཡོད།
གལ་སྲིད་རྒྱ་ནག་གཞུང་གིས་བོད་འདི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཤིག་ཡིན་པ་ནན་བརྗོད་བྱེད་ཀྱི་ཡོད་ན་ད་དུང་ཡང་བོད་ལ་ལྟ་སྟངས་ངན་པ་འདི་འདྲ་འཛིན་དགོས་དོན་ཅི་ཡིན་ནམ།  བོད་མི་རྣམས་རྒྱ་ནག་ལ་འགྲོ་རྒྱུའི་མཐོང་མཆན་དང་།  བོད་ནང་ལ་འཛུལ་རྒྱུའི་ལག་ཁྱེར་རག་རྒྱུ་ཁག་པོ་འདི་འདྲ་ཅིའི་ཕྱིར་ཡིན་ནམ།  ད་དུང་ཡང་བོད་མི་རྣམས་ལ་མཐོང་མཆན་དགོས་དོན་ཅི་ཡིན་ནམ།  རྒྱ་ནག་གཞུང་གིས་རྩ་ཁྲིམས་དེ་དག་ལ་ཆ་འཇོག་མི་བྱེད་པའམ་བརྩི་མེད་ག་ཚོད་གཏོང་གི་ཡོད་པ་ང་ཚོས་ཤེས་རྟོགས་ཐུབ་ཡོད།
ཕྱི་ལོ་༡༩༨༩ནང་ང་གཙོས་པའི་ངོ་རྒོལ་བ་མང་པོས་རྩ་ཁྲིམས་དེ་ལ་ལེགས་བཅོས་ཡོང་རྒྱུར་འབོད་སྐུལ་བྱས་ཡོད།  ང་ཚོའི་དྲང་བདེན་དང་།  རང་དབང་དེ་དག་གསར་འགྱུར་དང་དེབ་ནང་དུ་ཡོད་ནའང་རྒྱ་ནག་དམར་པོའི་སྲིད་གཞུང་གིས་ལག་ལེན་ཐོག་རྩ་བ་ནས་འཁྱེར་ཐུབ་ཀྱི་མེད།  རྒྱ་ནག་གཞུང་རང་ཉིད་ཀྱང་རྩ་ཁྲིམས་ཀྱི་རྗེས་སུ་མི་འབྲང་བར་གཞུང་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་དུ་གྲུབ་འབྲས་ཡོང་རྒྱུར་པེ་ཅིང་དང་མཉམ་དུ་གྲོས་མོལ་ཅིའི་ཕྱིར་བྱེད་དགོས་སམ།
རྒྱ་ནག་གཞུང་དང་ལྟ་བ་མི་མཐུན་མཁན་ལ་དྲག་གནོན་དང་བཀག་འགོག་བྱེད་རྒྱུ་དེ་ནི་དེ་སྔ་ལས་སྡུག་ཏུ་ཕྱིན་ཡོད།  སྲིད་འཛིན་ཞི་ཅིང་ཕིང་གི་འོག་ལ་ཡོད་པའི་རྒྱ་ནག་གིས་ཡང་དག་པའི་བཅོས་སྒྱུར་གཏོང་འདོད་མེད་པ་མ་ཟད་སོ་སོའི་རྒྱལ་ཁབ་འདི་ཁྲིམས་དང་མཐུན་པའི་སྒོ་ནས་འཛིན་སྐྱོང་བྱེད་རྒྱུའི་དམ་བཅའ་བཞག་པ་རྣམས་ཀྱང་དོན་ཐོག་ཏུ་ཐུབ་ཀྱི་མེད་པར་ལམ་སེང་གཡོལ་ཐབས་བྱེད་བཞིན་ཡོད།  ཅེས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལྟ་སྐྱོང་བྱེད་མཁན་གྱིས་འགན་འཛིན་སོ་ཕིས་རི་ཆར་ཌི་སོན་(sophie Richardson)གྱིས་བརྗོད་ཡོད་པ་མ་ཟད།  ད་དུང་ཁོང་གིས་རྒྱ་ནག་འདི་འདས་པའི་ལོ་ངོ་བཅུ་ཕྲག་ཁ་ཤས་ནང་དྲག་གནོན་བྱེད་མཁན་སྡུག་ཤོས་ཤིག་ཆགས་པ་དེ་ནི་ང་ཚོའི་སྡུག་བསྔལ་ནམ་ཡང་རྫོགས་རྒྱུ་མེད་པ་འདྲ་བོ་ཞིག་ཡིན་ནམ་སྙམ་པའི་སྣང་བ་སྟེར་ཞེས་བརྗོད་ཡོད།
ཟླ་བ་༣པའི་ཚེས་༨་རྒྱལ་སྤྱིའི་བུད་མེད་སྒེར་ལངས་ཀྱི་ཉིན་གཉིས་སྔོན་དུ་རྒྱ་ནག་གི་ཉེན་རྟོག་པས་གྲོང་ཁྱེར་མང་པོའི་མང་ཚོགས་སྐྱེལ་འདྲེན་བྱེད་སའི་ལྟེ་གནས་ཁག་ཏུ་ཆགས་སྤྱོད་ཀྱི་བརྙས་བཅོས་བྱས་པར་ཤེས་ཡོན་གྱིས་ཐོག་ནས་སྔོན་འགོག་ལས་འགུལ་འགོ་འཛུག་བཞིན་པའི་སྐབས་སུ་བུད་མེད་ཀྱི་ཐོབ་ཐང་རྩོད་མཁན་བཅུ་འཛིན་བཟུང་བྱས་པ་མ་ཟད་གཞོན་ནུ་མ་ལྔ་ད་དུང་ཡང་བཀག་ཉར་འོག་གནས་ཡོད་པ་རེད།  འཁྲུགས་རྩོད་སློང་བའི་སྐྱོན་འཛུགས་དང་དཀའ་སྡུག་གིས་རྒྱུ་རྐྱེན་འོག་ཏུ་སླར་ཡང་རིག་གནས་གསར་བརྗེ་དེ་ཡོང་གི་ཡོད།
འཛམ་གླིང་རྨོངས་གཉིད་ལས་བསད་ཏེ་དེ་ནི་ཧིཌ་ལར་སྐབས་ཀྱི་ཆབ་སྲིད་ཀྱི་ལམ་ལུགས་ཤིག་ཡིན་པ་ཤེས་རྟོགས་ཐུབ་པ་བྱེད་དགོས།  ཞི་ཅིང་ཕིང་ནི་ཧི་ཌི་ལེ་ལས་ཀྱང་སྡུག་པའི་མི་ཞིག་རེད།  ཡིད་བརྟན་མི་རུང་བའི་རེ་སྒུག་དང་རེ་འདོད་ཀྱི་སྟོང་བསམ་འདོར་བའི་དུས་ཚོས་ཤིག་ཡིན་པ་ངས་ནན་སྐུལ་བྱེད་ཀྱི་ཡོད།  གྲོས་བསྡུར་ཞུ་འབོད་བྱེད་རྒྱུའི་ཚབ་ཏུ་ང་ཚོའི་ཕ་ཡུལ་ཕྱིར་སློག་བྱེད་དགོས་པའི་དགོས་འདུན་ངེས་པར་དུ་འདོན་དགོས།       ང་ཚོས་འགོག་རྒོལ་གྱི་ཆེད་དུ་སྒེར་གྱི་ཚོགས་པ་བཙུགས་ནས་ཁོང་ཚོ་དང་མཉམ་དུ་འཚེ་བ་མེད་པའི་ཐོག་ནས་འཐབ་རྩོད་ངེས་པར་དུ་བྱེད་དགོས།འདི་ནི་ང་ཚོར་ལོ་རྒྱུས་རང་བཞིན་ལྡན་པའི་རླབས་ཆེན་གྱི་དུས་སྐབས་ཤིག་རེད།  གང་ཡིན་ཟེར་ན་རྒྱ་ནག་དམར་པོའི་སྲིད་གཞུག་གིས་ང་ཚོ་ཚང་མ་དགྲའ་བོའམ་ཡང་ན་ཕྱི་སྡོད་བོད་རིགས་རྣམས་དགྲ་བོའི་ནུས་ཤུགས་ཤིག་ཡིན་པ་མཐོང་གི་ཡོད་པ་མ་ཟད།  རྒྱལ་ནང་གི་བོད་རིགས་རྣམས་འཁྲུགས་རྩོད་སློང་མཁན་གྱི་ནག་ཉེས་པ་དང་དཀའ་ངལ་གྱི་རྒྱུ་རྐྱེན་ཞིག་ཡིན་པ་ཡང་མཐོང་གི་ཡོད།  ཁོང་ཚོས་ང་ཚོར་དམར་ཤོག་གི་ལྟ་བ་ཁས་ལེན་བྱེད་གོས་པའི་བཙན་ཤེད་ཀྱང་བྱེད་ཀྱི་ཡོད།
ཆུ་ཚོད་འགའ་ཤས་ཀྱི་སྔོན་དུ་ངས་ཀྲུའི་ཀྲར་(Twitter)སྟེང་དུ་རྒྱ་རིགས་རྣམས་ལ་ངའི་གཏམ་བཤད་འདིའི་ནང་ཅི་ཞིག་བཤད་དགོས་མིན་དྲིས་པར་མཐོ་རིམ་སློབ་མ་ཞིག་གིས་རྒྱ་ནག་གི་ཞིང་ཆེན་མི་འདྲ་བ་དང་ས་ཁུལ་མི་འདྲ་བའི་ནང་དུ་ང་ཚོར་སྒེར་གྱི་རང་བཙན་དགོས་འདོད་ཡོད་པ་བཤད་རྒྱུ་དྲན་པ་མ་བརྗེད་རོགས་ཞེས་བཤད་བྱུང།  རྒྱ་ནག་ནས་ཡིན་པའི་མི་ཞིག་གིས་ཀྲུའི་ཀྲར་སྟེང་དུ་ཡོངས་གྲགས་ཀྱི་ཡིག་ལན་ཞིག་བཏང་བའི་ནང་ལོ་རྒྱུས་དྲན་པ་བརྗེད་མི་ཉན་པ་མ་ཟད་བོད་རིགས་གྲོགས་པོ་རྣམས་ལ་ཁྱེད་ཚོས་རང་དབང་གི་ཆེད་དུ་འཐབ་རྩོད་བྱས་པ་ང་ཚོས་ཤེས་ཀྱི་ཡོད་ཅེས་བརྗོད་རོགས་ཞེས་ཀྱང་བཤད་བྱུང་།  དེང་སང་གི་རྒྱ་རིགས་མི་མང་རྣམས་རྒྱ་ནག་གཞུང་གིས་མགོ་སྐོར་གཏོང་བདེ་པོ་དེ་འདྲ་རྩ་བ་ནས་མེད།  ང་ཚོ་རིམ་པས་རྨོངས་གཉིད་ལས་བསད་ཀྱིན་ཡོད།  འདི་ནི་མ་འོངས་པའི་རྒྱ་ནག་འདི་སུ་ལ་དབང་བ་འདི་རེད།  ང་ཚོ་ཚང་མས་འཐབ་རྩོད་ག་དུས་མཉམ་དུ་བྱེད་འགོ་ཚུགས་པ་དེ་ནི་རྒྱ་ནག་དམར་པོའི་སྲིད་གཞུང་དེ་བཞིན་ཉམས་ཆག་ཏུ་འགྲོ་བའི་ཉིན་མོ་ཞིག་རེད།  དེང་སང་གི་རྒྱ་ནག་འདི་ནི་ནམ་མ་ལངས་གོང་གི་དུས་སྐབས་བཞིན་མུན་ནག་ཅན་ཞིག་ཡིན།  ང་ཚོས་ཞོགས་པའི་ཉི་གཞོན་གྱི་འོད་ཟེར་འཕྲོ་རྒྱུར་རེ་འདོད་ཀྱི་ངང་ནས་སྒུག་བཞིན་ཡོད།  ང་ཚོ་ལག་གདང་སྦྲེལ་ཏེ་མཉམ་ལས་བྱེད་དགོས། 
ང་ཚོས་ཚུལ་མཐུན་གྱིས་སྒོ་ནས་ཁོང་ཚོ་ལ་ཞུ་འབོད་བྱེེད་རྒྱུའི་ཚབ་ཏུ་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་དང་རང་བཙན་ཕྱིར་སྤྲོད་བྱེད་དགོས་པའི་དགོས་འདུན་འདོན་དགོས།
ཁོང་ཚོ་དང་མཉམ་དུ་ཚུལ་མཐུན་གྱི་འབད་བརྩོན་ཡོང་ཐབས་མེད་པ་ཞིག་རེད་དེ་ནི་ཟང་ཟིང་དང་ཉེན་འཚབ་ཆེ་རུ་འགྲོ་གཞི་ཞིག་རེད། གང་ཡིན་ཟེར་ན་ཁོང་ཚོས་ཟང་ཟིང་དང་སྐྱུགས་བྲོ་པོ་ཞིག་ཏུ་བཟོས་ཟིན་པས་རེད།  བཙན་དབང་སྲིད་གཞུང་གི་འོག་ལ་བོད་རིགས་དང་།  རྒྱ་རིགས།  ཡུ་གུར་བ།  སོག་པོ་ས་ཡ་བཅུ་ཙམ་ཚེ་སྲོག་ཤོར་ཡོད།  ང་ཚོས་འཐབ་རྩོད་ཉར་བའི་ཐོག་ནས་རྒྱུན་བསྲིངས་ཀྱིས་འཐབ་རྩོད་བྱེད་དགོས།  བོད་རྒྱལ་ལོ།།
བསྒྱུར་མཆནརྩོམ་ཡིག་འདི་ནི་བོད་མིའི་རང་དབང་སྒེར་ལངས་ཐེངས་ལྔ་བཅུ་ང་དྲུག་པའི་ཉིན་ཨ་རིའི་མངའ་སྡེ་ཆི་ཁ་ཀོ་(Chicago)རུ་གཏམ་བཤད་བྱས་པའི་རྩོམ་ཡིག་ཅིག་ཡིན་ཞིང་ད། ལམ་ཁོ་མོས་རྩོམ་ཡིག་འདི་བོད་སྒྱུར་བྱེད་དགོས་པའི་རེ་སྐུལ་ཞུས་པ་ལྟར་འདིར་བོད་བསྒྱུར་ཞུས་ཡོད། །
མ་ཡིག་དྲ་ཚིག་ཁ་བྱང།  https://www.youtube.com/watch?v=kHf80GDUYQ0
                                                                                                               རྩོམ་པ་པོ། རོ་སེ་ཐང། རིགས་སློབ། མཚོ་སྒོ་འཇམ་དབྱངས་ཀྱིས་སྒྱུར།
འདས་པའི་མི་ལོ་ལྔ་བཅུ་ང་ལྔའི་རིང་རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་ནང་བཙན་གནོན་བྱས་ཏེ་མི་རིགས་རྩ་མེད་བཟོས་པར། ངས་ཐོག་མར་བོད་རིགས་སྤུན་ཟླ་ཡོངས་ལ་སྙིང་ཁོངས་རུས་པའི་གཏིང་ནས་དགོང་སེལ་ཞུ་བ་དང་ཆབས་ཅིག་ང་དེ་རིང་འདིར་ཡོང་བ་འདི་ཚོགས་པའམ་ཡང་ན་མི་སྒེར་སུ་ཞིག་གི་ངོ་ཚབ་མིན་པར་སོ་སོ་རང་ངོས་ནས་བཅར་བ་ཞིག་ཡིན།   ལྡི་ལིར་རྔམ་སྟོན་ཁྲོམ་སྐོར་ཡོང་བའི་ལམ་བར་དུ་མི་ཚོགས་བརྒྱུད་ནས་འཇམ་དཔལ་ཡེ་ཤེས་ལགས་ཀྱི་ཕུང་པོའི་སྐུ་པར་དེ་དག་འགྲོ་བ་མིའི་དཔལ་འབར་གྱི་དཔའ་ངར་ཡིན་པ་ཤེས་པ་དང་ང་ཧ་ཅང་གིས་སེམས་སྐྱོ་བོ་བྱུང་། ཁོང་དང་རང་ལུས་མེར་སྲེག་གནང་མཁན་གཞན་ཚང་མའི་ཚེ་སྲོག་གིས་སྐྲུན་པའི་མེ་ལྕེ་རེ་རེས་བོད་ནང་དང། རྒྱ་ནག ཤར་ཏུར་ཀི་སི་ཐན། ལྷོ་སོག་པོ། ང་ཚུད་པའི་མི་མང་པོ་ཞིག་གི་མུན་པ་སེལ་ཡོད། བོད་མི་རྣམས་ཀྱིས་མི་ལོ་ལྔ་བཅུ་ང་ལྔའི་རིང་རེ་སྒུག་བྱས་ཡོད་ལ་རྒྱ་མི་རྣམས་ཀྱིས་ཀྱང་མི་ལོ་དྲུག་བཅུ་རེ་ལྔའི་རིང་རེ་སྒུག་བྱས་ཡོད། ང་ཚོས་དཀའ་སྡུག་ཆེན་པོས་ཡུན་རིང་རེ་སྒུག་བྱས་ཡོད། ང་ཚོས་མནར་གཅོད་ཀྱི་སྡུག་བསྔལ་ལ་ཐེ་ཚོམ་མེད་པར་ངེས་པར་དུ་ཡར་ལངས་བྱེད་དགོས། རྒྱ་ནག་དམར་པོའི་སྲིད་གཞུང་འདི་ངེས་པར་དུ་ཕྱིར་འབུད་བྱེད་དགོས། ཁོང་ཚོས་ཁྲིམས་འགལ་གྱི་ཐོག་ནས་བོད་དང་རྒྱ་ནག་ནང་ཡུན་རིང་བཙན་འཛུལ་བྱས་པ་མ་ཟད། ང་ཚོའི་ས་ཆ་དྲགས་ཤུགས་ཀྱིས་ཧམ་བཟུང་བྱས་ཡོད། ཁོང་ཚོས་དབང་ཆ་བེད་སྤྱད་དེ་དྲག་སྤྱོད་སྤེལ་ཡོད།  ཁོང་ཚོས་སྐྱག་རྫུན་མང་དག་ཞིག་གིས་ཐབས་ཇུས་ཐོག་ནས་རྒྱ་རིགས་རྣམས་ལ་ལྟ་བའི་སློབ་གསོ་རྒྱག་གི་འདུག་ཅེས་རྒྱ་རིགས་གཞོན་ནུ་ཞིག་གིས་ང་ལ་གསུངས་བྱུང། གདུག་རྩུབ་ཅན་གྱི་རྒྱལ་ཁབ་འདི་ཁ་བྲལ་དུ་གཏོང་བར་ཁྱེད་མོས་མཐུན་ཡོད་དམ།
བོད་ཀྱིས་རང་ལུས་མེ་སྲེག་གཞན་ཞིག་བློས་གཏོང་བྱེད་མི་འོས་པ་ཞིག་རེད།  རྒྱ་ནག་གིས་སྡེབ་གསོད་གཞན་ཞིག་བློས་གཏོང་བྱེད་མི་འོས་པ་ཞིག་རེད།  འཛམ་གླིང་གིས་འགྲོ་བ་མིའི་ཚེ་སྲོག་གཞན་ཞིག་བློས་གཏོང་བྱེད་མི་འོས་པ་ཞིག་རེད།  འགྲོ་བ་མིའི་རང་གཤིས་ལ་གཞི་བཞག་པའི་བདེན་པ་དང་དྲང་བདེན་ལ་འཐབ་རྩོད་བྱེད་རྒྱུར་དཀའ་ལས་ཁག་པོ་འདི་འདྲ་ཡོང་དགོས་དོན་ཅི་ཞིག་ཡིན་ནམ། རྒྱལ་སྤྱིའི་སྟེང་འཚེ་བ་དང་རྫུན་མ་དར་ཁྱབ་གཏོང་དགོས་དོན་ཅི་ཡིན། ད་དུང་མནར་གཅོད་ཀྱིས་སྡུག་བསྔལ་དེ་འདྲ་མྱོང་དགོས་དོན་ཅི་ཡིན་ནམ།
བོད་མི་རྣམས་ཀྱིས་འཇིགས་སུ་རུང་བའི་ཆབ་སྲིད་ཀྱི་ལམ་ལུགས་འདི་ལས་མི་ལོ་བཅུ་ཕྲག་ཁ་ཤས་རིང་ཚོགས་པ་ཆུང་ཆུང་ཞིག་གི་འཐབ་རྩོད་ཅིག་ལེགས་གྲུབ་ཡོང་བ་ལ་སྙིང་རུས་དང་གདོང་ལེན་གང་འདྲ་བྱས་མིན་རྒྱལ་སྤྱིའི་སྟེང་དུ་མིག་དཔེ་བསྟན་ཡོད་། བཙན་ཤེད་ཀྱིས་མིའི་སྙིང་སྟོབས་ནམ་ཡང་གཅོག་མི་ཐུབ་པ་མ་ཟད་ནམ་ཡང་རྣམ་པར་རྒྱལ་མི་ཐུབ། གང་ཡིན་ཞེ་ན་བདེན་པ་དང་དྲང་བདེན་ནི་འདི་ལས་ནུས་པ་མཆོག་ཏུ་གྱུར་བ་མ་ཟད་དར་ཁྱབ་དུ་འགྲོ་གི་རེད།
ད་ཆ་ཧོང་ཀོང་ནང་གི་མང་གཙོའི་ལས་འགུལ་དེ་ནི་མི་རབས་རྗེས་མ་རྣམས་ཀྱིས་མི་རབས་གོང་མའི་རྗེས་མཐུད་དེ་དམར་པོའི་གདུག་རྩུབ་ལ་མི་མང་སྒེར་ལངས་བྱེད་ཀྱི་ཡོད་པ་ང་ཚོས་ཤེས་ཀྱི་ཡོད།       ཧོང་ཀོང་ལ་ཁྱེད་ཀྱི་རྒྱབ་སྐྱོར་གནང་རོགས། ཐུགས་རྗེ་གཟིགས། ཕྱི་ལོ་༡༩༩༧ལོའི་ནང་ང་གྲོང་ཁྱེར་ནང་གནས་སྤོ་བྱས་པའི་ཟླ་ཤས་སྔོན་ལ་དབྱིན་ཇི་གཞུང་གིས་ཧོང་ཀོང་རྒྱ་ནག་ལ་ཕྱིར་སྤྲོད་བྱས་པ་དང་དེར་ངོ་རྒོལ་ཏོག་ཙམ་བྱུང་ཡོད། ས་གནས་ཀྱི་མི་དམངས་མང་ཆེ་བ་མ་འོངས་པའི་འགྱུར་ལྡོག་འདི་ལ་དོགས་པ་སྐྱེས་ཡོད། ཡིན་ཡང་པེ་ཅིང་ཕྱོགས་ནས་ཧོང་ཀོང་གི་རྩ་ཁྲིམས་དང་མཐུན་པའི་གཞི་རྩའི་ཁྲིམས་སྲུང་སྐྱོབ་བྱེད་རྒྱུའི་ཁས་ལེན་ལ་འགྱུར་ལྡོག་མི་ཡོང་བའི་རེ་བ་བྱས་ཡོད་མོད། ལོ་བཅུ་བདུན་རྗེས་ཀྱི་དེ་རིང་ཡང་ཁོང་ཚོས་སྤྱོད་པ་རྩུབ་པོ་བྱེད་རྒྱུར་གོ་རྟོགས་རྙེད་པ་མ་ཟད་དེའི་ཐོག་ནས་འཐབ་རྩོད་བྱེད་ཀྱི་ཡོད། ཁོང་ཚོའི་འབོད་ཚིག་“抗命”པེ་ཅིང་གི་སྤྱི་སྐད་(Mandarin དང་ཧོང་ཀོང་གི་སྤྱི་སྐད་Cantonese)ནང་ཡིན་ལ། དེའི་ནང་དོན་ཡང་དགྲ་བོ་ལ་འཐབ་རྩོད་བྱེད་རྒྱུ་ནི་ལས་དབང་ཞིག་ཡིན་ཞེས་པའི་དོན་རེད། ད་ཆ་ཁོང་ཚོས་གྱེན་ལངས་ལ་གདོང་ལེན་བྱེད་དགོས་པ་གསལ་པོ་ཤེས་ཀྱིན་ཡོད། སྡུག་བསྔལ་ནི་བོད་མི་ཙམ་མ་ཟད་སུ་ཞིག་གིས་ཀྱང་མྱོང་དགོས་པའི་ལས་ཤིག་མ་རེད། རྫུན་ལ་མཁས་པའི་རྒྱ་ནག་དམར་པོའི་སྲིད་གཞུང་གིས་གློ་བུར་དུ་གནད་དོན་གང་ཡང་ཁས་ལེན་བྱེད་པ་དང་གུ་ཡངས་བྱེད་རྒྱུར་རེ་འདོད་བཅང་བ་ནི་དོན་མེད་ཀྱི་བསམ་བློ་ཞིག་ཡིན། དམར་གསོད་པ་དེ་དག་སྐྱེ་བ་རྗེས་མ་འཚང་བརྒྱ་བའི་རེ་སྨོན་བཅང་བ་ནི་སྙིང་པོ་མེད་པ་ཞིག་རེད། གང་ཡིན་ཟེར་ན་ཁོང་ཚོ་ནམ་ཡང་སངས་རྒྱས་ཀྱི་མ་རེད། འཇིགས་སྐུལ་རིང་ལུགས་པ་དང་ལྷན་དུ་གྲོས་མོལ་བྱེད་མི་ཉན། རྒྱ་ནག་དམར་པོའི་སྲིད་གཞུང་ནི་འཛམ་གླིང་ནང་གི་འཇིགས་སྐུལ་རིང་ལུགས་པའི་ཚོགས་པ་ཆེ་ཤོས་ཤིག་རེད། ཕྱི་ལོ་༡༩༨༩་ནང་ང་ཚོ་སློབ་ཕྲུག་ཚང་མས་རྒྱ་ནག་གཞུང་དང་ལྷན་དུ་གྲོས་མོལ་བྱ་རྒྱུར་རེ་བ་ཆེན་པོས་མཐའ་སྐོར་ཏེ་ཟས་བཅད་ངོ་རྒོལ་དང་། གོམ་བགྲོད་ངོ་རྒོལ་བྱས་ཀྱང་ཁོང་ཚོའི་ཡ་ལན་ནི་དམར་གསོད་ལས་གཞན་གྲུབ་འབྲས་གང་ཡང་མེད།  ངས་དེ་རིང་ཞི་ཅིང་ཕིང་ལ་བརྡ་ལན་ཞིག་སྤྲོད་ཀྱིན་ཡོད། ཞི་ཅིང་པིང་ཞི་ཌི་ལོ་(Xitler)ཁྱེད་ཡག་པོ་བྱས་ཏེ་ཉོན་ཞིག  རྒྱ་རིགས་རྣམས་ཀྱི་རྨི་ལམ་དེ་ཡིས་རྒྱ་ནག་འདི་བཞིན་སླར་ཡང་རིག་གནས་གསར་བརྗེ་ཞིག་ཡོང་རྒྱུར་དྲུད་པ་བཞིན་ད་ལྟ་གནས་ཚུལ་དེ་འབྱུང་གིན་ཡོད། བཙན་པོ་དབང་ཡོད་ཀྱིས་ཉིན་ལྟར་མི་གསད་པ་མ་ཟད། མནར་གཅོད་དང་སུན་གཙེར་བཟོ་བའི་ས་ཆ་འདི་ལ་དུག་གིས་ཡོངས་སུ་ཁྱབ་པའི་རྒྱ་ནག་ཞེས་ཟེར་གྱིན་ཡོད། (Xitler)ཞི་ཌི་ལར་ཁྱེད་ཀྱིས་ང་ཚོ་བཙོན་དུ་འཇུག་ཐུབ་ཀྱང་ང་ཚོ་ཚང་མ་འཇུག་ཐུབ་ཀྱི་མ་རེད། ཁྱེད་ཀྱིས་ང་ཚོ་དམར་གསོད་གཏོང་ཐུབ་ཀྱང་ང་ཚོ་ཚང་མ་གསོད་ཐུབ་ཀྱི་མ་རེད། ཁྱེད་ཀྱིས་ཚད་ལས་རྒལ་བའི་ཐོག་ནས་ང་ཚོར་བསམ་བློའི་སློབ་གསོ་ཐེབས་རྒྱུ་དང་དྲ་རྒྱར་དོ་དམ་བྱེད་ཐུབ་ཀྱང་། གནས་ཚུལ་རྒྱུན་ཆད་རྒྱུར་ནམ་ཡང་བཀག་འགོག་བྱེད་ཐུབ་ཀྱི་མ་རེད། དྲང་བདེན་ནི་ངེས་པར་དུ་ཕྱིར་མངོན་ཡོང་དགོས་པ་ཞིག་ཡིན་པ་མ་ཟད་ད་ཆ་ཇེ་གསལ་ནས་ཇེ་གསལ་ལ་འགྲོ་བཞིན་ཡོད།
རྒྱ་ནག་ནང་རྒྱ་རིགས་ཇེ་མང་ནས་ཇེ་མང་རྨོངས་གཉིད་ལས་སད་དེ་འཇིགས་སྣང་མེད་པར་འཐབ་འཛིང་བྱེད་པ་མ་ཟད་བོད་རིགས་དང་ཡུ་གུར། སོག་པོ་སོགས་ཇེ་མང་ནས་ཇེ་མང་སྲིད་དབང་སྒེར་འཛིན་ལམ་ལུགས་ལ་ངོ་རྒོལ་སྒེར་ལངས་བྱས་དང་བྱེད་མུས་ཡིན། ད་ངོ་མ་འགྲིག་ཚོད་ཡིན། ང་ཚོ་ཡུན་རིང་སྡུག་པོ་ཞེ་དྲག་མྱོང་དགོས་བྱུང་། རྒྱ་རིགས་མི་དམངས་རྣམས་ཀྱིས་ཁྱེད་ལ་ཞི་ཌི་ལིར(Xitler)ཞེས་པའི་མིང་འདོགས་བཏགས་པ་བཞིན་མིང་དོན་མཚུངས་པ་ཞིག་རེད། ཏིང་ཞའོ་ཕིང་དུས་སྐབས་ནས་བཟུང་ཁྱེད་ནི་ཡ་ང་སྙིང་རྗེ་མེད་པའི་དབང་སྒྱུར་བ་ཞིག་རེད། ཞི་ཌི་ལིར་(Xitler)ཡག་པོ་བྱས་ཏེ་ཉོན་ཞིག ཕྱི་ལོ་༡༩༨༩ལོའི་སྔོན་གྱི་ནག་ཉེས་མེད་པའི་རྒྱ་ནག་མི་དམངས་དེ་དག་ད་ཆ་གནས་མེད་པ་མ་ཟད་ང་ཚོ་ཡར་རྒྱས་ཀྱི་ཕྱོགས་སུ་མདུན་སྐྱོད་བྱེད་པར་ཁྱེད་ལ་བཤོད་དགོས་དོན་མེད། ང་ཚོས་གནམ་བདེ་སྒོ་མོ་ཆེའི་གནས་ཚུལ་འདི་འདྲ་ཞིག་སླར་ཡང་མི་ལྷག་པ་བྱེད་ཀྱི་ཡིན། ཞི་ཌི་ལིས་(Xitler)ལས་དབང་འདི་དྲན་པ་བྱེད་དགོས། ཁྱེད་ཀྱིས་སྐྱུག་བྲོ་བའི་དབང་སྒྱུར་གྱི་ལས་ངན་འདི་དག་ལ་དཀའ་ལས་ཁག་པ་མ་ཟད་ཆད་པ་འཕོག་ངེས་རེད།  ཉིན་མོ་འདི་ནི་རྒྱ་ནག་དམར་ཤོག་ཚོགས་པ་འདི་བཞིན་ཉམ་ཉེས་སུ་འགྲོ་བའི་ཉིན་མོ་ཞིག་ཀྱང་རེད།
བོད་མི་རྣམས་འཕེལ་རྒྱས་དང་རིང་དུ་འཚོ་བའི་གོ་སྐབས་གནང་བར་རྒྱ་གར་ལ་ཐུགས་རྗེ་ཆེ་ཞུ་བཞིན་ཡོད་ལ། སྲིད་འཛིན་མུ་ཌི་(Modi)མཆོག་ལ་འབོད་སྐུལ་ཞིག་ཡོད། འཛམ་གླིང་གཞན་གྱི་དབུ་ཁྲིད་(British)ཨིན་ཇི་སྲིད་འཛིན་(David Cameron)བཞིན་གཅིག་མཇུག་གཉིས་མཐུད་ཀྱིས་པུས་མོ་ས་ལ་བཙུགས་ཏེ་རྒྱ་ནག་ལ་མགོ་སྒུར་བ་དང་། དེ་ལས་ཀྱང་ཁྱད་མཚར་བ་ཞིག་ལ། ཨ་རི་ནི་འཛམ་གླིང་བདེ་སྲུང་རྒྱལ་ཁབ་ཞིག་ཡིན་ན་ཡང། བོད་ནང་དང་རྒྱ་ནག  ཤར་ཏུར་ཀི་སི་ཐན། ལྷོ་སོག་པོ་བཅས་ཀྱིས་མནར་གཅོད་སྡུག་བསྔལ་མྱངས་དང་མྱོང་བཞིན་པའི་གནས་ཚུལ་རྣམས་ལ་ལུག་འཐོམས་དང་ཞར་ལྐོག་ལྟར་མི་མཐོང་ཁུལ་བྱས་ཏེ་གནས་ཚུལ་མུ་མཐུད་ལྷགས་བཞིན་པ་དེ་རེད།  སྲིད་འཛིན་མུར་ཌི(Modi)མཆོག ཁྱེད་ཀྱིས་གང་ཞིག་གནང་དགོས་མིན་ངེས་པར་དུ་མཁྱེན་ཐུབ་པ་བྱེད་དགོས། རྒྱ་གར་དེ་བཞིན་འཛམ་གླིང་ནང་མང་གཙོའི་རྒྱལ་ཁབ་ཆེ་ཤོས་ཞིག་ཡིན་པ་འཛམ་གླིང་ཐོག་ཤེས་སུ་བཅུག་དགོས། དངུལ་གྱིས་མཛའ་བརྩེ་དང་བྱམས་བརྩེ་ཉོ་མི་ཐུབ་པ་བཞིན་དུ་དངུལ་གྱིས་མང་གཙོ་ཕྱིར་བཙོང་མི་ཐུབ་ལ་ཉོ་ཡང་དེ་བས་ཐུབ་ཀྱི་མ་རེད།
ཨོ་བྷོ་མ། ཁྱེད་ནི་ཞི་ཌི་ལིར་(Xitler) གྱི་མདུན་དུ་དེ་འདྲའི་མི་སྡར་མ་དང་གཉོམ་ཆུང་ཞིག་རེད།  རྒྱ་ནག་གཞུང་ནི་དཔེར་ན་སློབ་གྲྭའི་ནང་དབང་ཡོད་ཤོད་མཁན་དང་ཐུབ་ཚོད་གཏོང་མཁན་ཞིག་དང་གཉིས་སུ་མེད།  གལ་སྲིད་མི་སུ་ཞིག་གིས་ཀྱང་དེ་བཀག་འགོག་མ་བྱས་པར་མུ་མཐུད་ནས་དེ་ལྟར་བྱེད་དུ་བཅུག་ཚེ། དེ་ནི་ཧ་ཅང་ཉེན་ཁ་ཆེ་བའི་དབང་ཡོད་ཅིག་དང་ཐུབ་ཚོད་ཅིག་ཏུ་འགྱུར་གྱི་རེད།  ཤི་ཌི་ལིར་ཁོང་གི་སྐྱུག་བྲོ་བའི་གཡོ་བྱུས་དེ་དག་ཕྱིར་སྟོན་བྱེད་པའི་བློ་ཁོག་མེད་ན། ཨ་རི་ནི་འཛམ་གླིང་གི་དབང་ཡོད་ཤོད་མཁན་ཆེ་ཤོས་ཤིག་ཆགས་པ་མ་ཟད། ནུབ་ཕྱོགས་ཀྱི་ཞི་མཐུན་འགྲིག་འཇོག་བྱེད་མཁན་ཚོས་ཧ་ཅང་གདུག་རྩུབ་ཆེ་བའི་སྲིན་པོ་ཞིག་ལ་བློ་སྟོབས་སྤེལ་ཏེ་བསྐྱེད་བསྲིང་བྱས་པ་ཞིག་རེད།  སྲིད་གཞུང་ཁག་གི་དབུ་འཛིན་རྣམས་ངེས་པར་དུ་རྨོངས་གཉིད་ལས་སད་ཏེ་རྒྱ་ནག་གཞུང་ལ་གདོང་གཏད་དེ་སྐྱོན་བརྗོད་བྱེད་དགོས། ང་ཚོས་ཁོང་ཚོའི་ཆབ་སྲིད་ཀྱི་བྱ་སྤྱོད་དེ་དག་སྤེལ་བ་ལ་དུས་ཚོད་སྤྲོད་མི་ཐུབ་པ་མ་ཟད། ང་ཚོས་ངེས་པར་དུ་རྡོག་རྩ་གཅིག་སྒྲིལ་གྱི་ཐོག་ནས་མཉམ་དུ་འཐབ་རྩོད་བྱེད་དགོས། གཅིག་སྒྲིལ་བྱས་ན་རྒྱལ་ཁ་འཐོབ་རྒྱུ་དང་ཞེན་ཁོག་བྱས་ན་ཕམ་རྒྱུ་ཉག་གཅིག་རེད། དེར་བརྟེན་བོད་རིགས་དང་རྒྱ་རིགས། ཡུ་གུར་བ། སོག་རིགས་བཅས་ང་ཚོས་ངེས་པར་དུ་མཉམ་རུབ་བྱེད་དགོས། ང་ཚོ་ཚང་མ་གདུག་རྩུབ་ཆེ་བའི་ཆབ་སྲིད་ཀྱི་ལམ་ལུགས་ལ་འཐབ་རྩོད་བྱེད་མཁན་གཅིག་པ་རེད།
འཛམ་གླིང་གི་ས་ཕྱོགས་གང་ས་ནས་བོད་མི་རྣམས་ལ་བརྡབ་གསིག་བཏང་དང་གཏོང་མུས་ཡིན་ལ། ལྷག་པར་དུ་བལ་ཡུལ་དང་ཡོ་རོབ་ནང་བོད་མི་རྣམས་ལ་དཀའ་ངལ་བཟོ་གིན་ཡོད། འཇིགས་སུ་རུང་བའི་བྱེད་ཕྱོགས་འདི་དག་གང་སར་དར་ཁྱབ་ཏུ་འགྲོ་དགོས་དོན་ཅི་ཞིག་ཡིན་ནམ། གང་ཡིན་ཟེར་ན། དེ་ནི་སྲིད་གཞུང་གི་དབུ་ཁྲིད་དེ་དག་པེ་ཅིང་གི་དངུལ་གྱིས་ཉོས་པ་འམ་ཡང་ན་པེ་ཅིང་གཞུང་ནས་སོ་སོ་རང་ཉིད་ལ་བརྙས་བཅོས་བྱེད་དུ་འཇུག་གི་ཡོད་པ་དེ་རེད། ང་ཚོས་ངེས་པར་དུ་མུ་མཐུད་ནས་སྐད་ཆ་ཤོད་དགོས་པ་མ་ཟད་ཁོང་ཚོ་ལ་ཁ་གཏད་གཅོག་དགོས། རྒྱ་ནག་དམར་ཤོག་ཚོགས་པས་མགོ་ཁྲིད་པའི་བཤུ་གཞོག་དང་ལྐོག་ས་རུལ་སུངས། འཚེ་བའི་ལས་ལ་ཞུགས་པའི་རྒྱ་ནག་སྲིད་གཞུང་ལ་རྒྱབ་སྐྱོར་བྱེད་པ་ནི་ཆེས་ནོར་འཁྲུལ་ཞིག་རེད། རྒྱ་ནག་དམར་ཤོག་སྲིད་གཞུང་གིས་གདུག་རྩུབ་དང་དྲག་སྤྱོད་ཀྱི་ཐོག་ནས་འཛམ་གླིང་ཡོངས་ལ་ལྐོག་ཟ་རུལ་སུངས་བྱེད་བཞིན་ཡོད།  རྒྱ་ནག་སྲིད་གཞུང་གིས་འབགས་བཙོག་དང་རྫུས་མས་བཟོས་པའི་ཅ་ལག་ཕྱིར་ཚོང་བྱས་པ་གཅིག་པུ་ཙམ་མ་ཡིན་པར། ཀུན་སྤྱོད་དང་མི་མཐུན་ཞིང་གནོད་འཚེའི་བྱེད་སྟངས་ཀྱི་ཐོག་ནས་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་དང་ཀུན་སྤྱོད་ལ་རྡོག་རོལ་དང་བཙན་གནོན་བྱེད་བཞིན་ཡོད།
མགོ་བསྐོར་བསླུ་བྲིད། སྐྱག་རྫུན་དང་འཚེ་བ།  ཡིད་ཆེས་མེད་པ། ལྐོག་རྔན་སྤྲོད་ལེན་གྱི་བྱ་བ་འདི་ནི་རྒྱ་ནག་ནང་སྤྱོད་བཟང་གི་ཚད་གཞི་གསར་པ་ཞིག་ཏུ་འགྱུར་བཞིན་ཡོད་ལ། དེ་ལྟ་བུའི་འགྲོ་བ་མིའི་རང་གཤིས་ངན་པ་འདི་བཙན་ཤེད་ཀྱིས་འཛམ་གླིང་གི་ས་ཕྱོགས་གང་སར་ཁྱབ་གདལ་དུ་བཏང་དང་གཏོང་མུད་ཡིན། བོད་དང་རྒྱ་ནག  ཧོང་ཀོང། ཤར་ཏུར་ཀི་སི་ཐན། ལྷོ་སོག་པོ་བཅས་ནི་ཉེན་ཁའི་ནང་ལྷུང་ཡོད་པ་མ་ཟད། འཛམ་གླིང་འདི་ཡང་ཟང་ཟིང་ནང་དུ་དྲུད་འགྲོ་གིན་ཡོད། ད་ཆ་ང་ཚོས་གནད་དོན་དེའི་རིགས་ལ་ངེས་པར་དུ་ངོ་རྒོལ་བྱེད་དགོས་པའི་དུས་ཚོད་ལ་སླེབས་ཡོད་ལ། དུས་ཚོད་དེ་ནི་ད་ལྟ་རང་རེད།  ད་ལྟ་ནི་གང་ལས་ཀྱང་གལ་ཆེ་བ་ཞིག་དང་ཛ་དྲག་པོ་ཞིག་ཆགས་ཡོད།   གལ་སྲིད་ང་ཚོས་གནད་དོན་འདི་ཚོའི་ཐོག་ལ་སྐད་ཆ་མ་བཤད་པའམ་ཡང་ན་ལས་འགུལ་མ་སྤེལ་ཚེ། བོད་ནང་དུ་ཡོད་པའི་ང་ཚོའི་སྤུན་ཟླ་ཙམ་མིན་པར་རྒྱ་ནག་དང་ཧོང་ཀོང། ཤར་ཏུར་ཀི་སི་ཐན།   ལྷོ་སོག་པོ་བཅས་ཀྱིས་སྡུག་བསྔལ་ཇེ་ཆེར་འགྲོ་བ་མ་ཟད། འཛམ་གླིང་འདི་བཞིན་མུན་ནག་གི་དུས་རབས་ཞིག་ཏུ་འགྱུར་འགྲོ་གི་རེད།
ངའི་བོད་རིགས་སྤུན་ཟླ་ཚོ། ཁྱེད་ཚོས་སོ་སོ་རང་ཉིད་ཀྱི་མིག་རྐྱང་ཐུང་དུ་གཏོང་མི་ཉན། ཁྱེད་ཚོར་གང་ཞིག་དབང་བ་དང་འོས་བབ་ཡོད་པའི་དགོས་འདུན་འདོན་དགོས་ལ། སོ་སོའི་འབོད་སྒྲ་དང་སྙིང་སྟོབས་ལ་ཡང་དོ་སྣང་བྱེད་དགོས།     ཁྱེད་ཚོའི་འཐུས་མི་རྣམས་ཀྱིས་བོད་ཕྱི་ནང་གང་སར་ཡོད་པའི་མི་མང་དཀྱུས་མ་ཚོའི་འབོད་སྒྲ་དང་སེམས་གཏམ་ལ་ཉན་པའི་རེ་བ་བྱེད་བཞིན་ཡོད།
བོད་ཀྱི་བདག་པོ་བོད་མི་ཡིན་ལ། བོད་ནི་རྒྱ་ནག་གི་ཆ་ཤས་མིན་ལ་ནམ་ཡང་རྒྱ་ནག་གི་ཆ་ཤས་ཆགས་མི་ཉན། འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ཧི་ཌི་ལིར་གྱིས་(Hitler)ནཱ་ཛི་དཔུང་དམག་གིས་པོ་ལནྜ་གྲི་ལ་བཙན་འཛུལ་བྱས་རྗེས་སུ་གལ་སྲིད་པོ་ལནྜའི་(polish people)ཡུལ་མི་རྣམས་ཀྱིས་ཧི་ཌི་ལིར་ལ་རང་སྲིད་རང་སྐྱོང་སྤྲོད་རོགས་ཞེས་བརྗོད་ན་ཁྱེད་ཀྱིས་ཅི་ཞིག་བསམ་ཀྱིན་འདུག  རྒྱ་ནག་གཞུང་གིས་བོད་ཀྱི་ཆེད་དུ་གང་ཞིག་བྱ་མིན་དྲི་བ་མ་འདྲི་རོགས། ངས་ཅི་ཞིག་བྱེད་ཐུབ་ཞེས་སོ་སོ་རང་ཉིད་ལ་དྲི་བ་འདྲི་རོགས། མི་སྒེར་བ་ཞིག་གི་ངོས་ནས་སོ་སོའི་ལུང་པའི་དོན་དུ་ཅི་ཞིག་བསྒྲུབ་ཐུབ་མིན་འདྲི་རོགས། སོ་སོའི་རྒྱལ་ཁབ་ཀྱི་ངོས་ནས་མི་མང་གི་ཆེད་དུ་གང་ཞིག་བསྒྲུབ་མིན་འདྲི་རོགས།
ཁྱེད་ཀྱིས་སོ་སོ་ནུས་མེད་དང་མིང་གྲགས་མེད་མཁན་ཞིག་ཡིན་པ་བསམ་ཆོག་ཀྱང།  ཁྱེད་ཀྱིས་གནམ་བདེ་སྒོ་མོ་ཆེའི་ལྕགས་ཁྲབ་འཁོར་ལོའི་དཔའ་བོའི་(Tank man)སྐོར་ལ་བསམ་བློ་གཏོང་དགོས། ཁོང་ནི་སྔོན་མར་མིང་གྲགས་མེད་མཁན་ཞིག་ཡིན་ལ་ད་ལྟའང་རེད། ཁྱེད་ཀྱིས་བོད་ནང་དུ་ཡོད་པའི་བོད་རིགས་སྤུན་ཟླ་རྣམས་ཀྱི་སྐོར་ལ་བསམ་བློ་གཏོང་དགོས་ལ། དམིགས་གསལ་གྱིས་རང་ལུས་མེ་སྲེག་གནང་མཁན་རྣམས་ཀྱི་སྐུ་གཟུགས་ཀྱི་མེ་ལྕེའི་ཀི་སྒྲས་ང་ཚོ་རྨོངས་གཉིད་ལས་སད་པའི་ཐབས་ཤེས་བྱེད་ཀྱིན་ཡོད་པ་ང་ཚོས་དྲན་དགོས་པ་རེད། གལ་སྲིད་ང་ཚོ་སུ་ཞིག་གིས་ལས་ཀ་མཉམ་དུ་མི་བྱེད་ན་འང་རེ་འགས་མཉམ་དུ་བྱེད་ཐུབ། ང་ཚོས་འགྱུར་ལྡོག་བཏང་སྟེ་ལོ་རྒྱུས་བཟོ་དགོས། མའོ་ཙེ་ཏུང་གིས་མེ་སྟག་ཆུང་ངུ་ཞིག་གིས་རི་བོ་མེར་སྲེག་གཏོང་ཞེས་གསུངས་པ་ལྟར། ང་ཚོ་མི་མང་དཀྱུས་མའི་མེ་སྟག་ཆུང་ངུ་འདིས་རི་བོ་གཙང་བཟོ་བྱས་ཏེ། མཛེས་སྡུག་ལྡན་པའི་ཡུལ་ལྗོངས་གསར་པ་ཞིག་བསྐྱེད་པའི་འགྱུར་བ་གཏོང་ཐུབ།  དེེར་བརྟེན་༸གོང་ས་མཆོག་དང་ཁྱེད་རང་ཚོ་མཐོ་སྒང་བོད་ལ་ཕྱིར་ལོག་བྱ་ཐུབ། ང་ཚོ་ཚང་མས་མཉམ་དུ་སྐད་འབོད་བྱེད། ང་ཚོ་ཚང་མཉམ་དུ་ཡར་ལངས་བྱེད།
བོད་རྒྱལ་ལོ།    རྒྱ་ནག་རྒྱལ་ལོ།      ༢༠༡༤་ལོའི་སྤྱི་ཟླ་དགུ་བའི་ཚེས་༡༧ཉིན་མན་ཇུ་ཀྲིག་ཀ་བོད་སྒར་བསམ་ཡས་གླིང་།
མ་ཡིག་དྲ་ཚིག་ཁ་བྱང།  https://www.facebook.com/notes/634995259951932/



གཟའ་པ་སངས།, 25 /04/ 2014 16:26

འབྲེལ་བ།

                                                                                    ཁི་རི་ཤི་ན་མུར་ཏིའི།
ང་ཚོའི་འབྲེལ་བ་གཞན་མང་ཆེ་བ་སེམས་ཁམས་སམ་དཔལ་འབྱོར་གང་རུང་ལ་བརྟེན་ནས་གྲུབ་ཡོད་པ་དང་། གཞན་ལ་བརྟེན་ནས་གྲུབ་པ་དེས་ང་ཚོར་འཇིགས་སྣང་དང་གཅེས་འཛིན་གྱི་འདུ་ཤེས་སྐྱེད་སྤེལ་བྱེད་ཀྱིན་ཡོད་ལ། དེའི་རྗེས་འབྲས་ལ་ཡང་། འགལ་ཟླ་དང་། དོགས་འཆར། སུན་སྣང་བཅས་བཟོ་གིན་ཡོད། དཔལ་འབྱོར་གྱི་གཞི་བརྟེན་གཞན་དེ་སྒྲིག་འཛུགས་ཚུལ་མཐུན་དང་ཁྲིམས་བཟོ་བརྒྱུད་ནས་ཕལ་ཆེར་སེལ་ཐུབ་ཀྱི་ཡོད། ཡིན་ན་ཡང་སྐབས་འདིར་ངས་བཤད་དོན་གཙོ་བོ་ནི་མི་རིགས་ལ་སེམས་ཁམས་དང་འབྲེལ་བའི་ཆགས་པ་དང་སྲེད་པ་སོགས་འབྱུང་གི་ཡོད་པས་དེའི་སྐོར་ལ་དམིགས་བསལ་གྱི་གསལ་སྟོན་བྱེད་ཀྱི་ཡིན། སེམས་ཁམས་དེས་སོ་སོ་ཡིད་ཚིམས་པའི་ཆེད་དུ་འདོད་རྔམ་དང་བདེ་སྐྱིད་ཀྱི་བྱུང་འབྲས་བཟོ་གིན་ཡོད་པར་རྟེན་རང་གཅེས་འཛིན་གྱི་འབྲེལ་བའི་ནང་དུ་ཚོར་ཤེས་དང། གསར་གཏོད། གྲུང་པོ། སོ་སོར་ཁོང་ཁྲོའི་མེ་ལྕེ་ཆུང་ཆུང་ཡོད་པ་དེ་གཞན་ལ་བརྟེན་ནས་འཕེལ་གྱིན་ཡོད་ལ། གོ་རིམ་དེའི་ནང་དུ་འཇོན་ཐང་གི་འབྱུང་ཁུངས་དེ་བོར་བརླག་སོང་མེད་པ་དང་། གཞན་བོར་བརླག་སོང་བའི་འཇིགས་སྣང་དང་། གཅེས་འཛིན་གྱི་འཇིགས་སྣང་དེ་དག་གི་ནང་ནས་རྙོག་དྲའི་མཇུག་འབྲས་ཐམས་ཅད་ཐོན་གྱི་ཡོད། དེ་ལྟ་བུའི་འབྲེལ་ལམ་དེ་སེམས་ཁམས་ལ་བརྟེན་ནས་འབྱུང་གི་ཡོད། དེར་དུས་རྒྱུན་ནས་རང་ཉིད་ཀྱིས་ཤེས་རྟོགས་ཐུབ་མིན་གྱི་འཇིགས་སྣང་དང་།   དོགས་འཆར་ཡོད་པ་དེ་དག་སྐད་ཆ་སྙན་པོའི་ནང་དུ་སྦས་སྐུང་ཡང་བྱེད་ཀྱི་ཡོད། འཇིགས་སྣང་གི་རྣམ་འགྱུར་དེའི་རྐྱེན་གྱིས་ལེགས་བཅོས་དང་འགན་སྲུང་གི་ཆེད་དུ་རྟག་ཏུ་ལམ་སྣ་ཚོགས་ཤིག་བརྒྱུད་ནས་འཚོལ་ཞིབ་བྱེད་པ་འམ་། རང་ཉིད་ཀྱི་བསམ་བློ་དེ་ཉིད་ཕུལ་དུ་བྱུང་བར་བརྩི་བ་འམ་ཡིད་ཚིམ་པའི་ཆེད་དུ་ར་སྤྲོད་འཚོལ་ཞིབ་ཀྱང་བྱེད་ཀྱི་ཡོད།      བྱ་དངོས་ཆུང་ཙག་ཅིག་ཡིན་ན་ཡང་གཞན་ལ་བརྟེན་ཡོད་པ་དང་། འདོད་པས་ཡོངས་རྫོགས་ལ་གནོད་འཚེ་གཏོང་མི་རུང་ལ། དཀའ་རྙོག་སྣ་ཚོགས་པ་དེ་དག་འབྲེལ་བར་མ་བརྟེན་པར་གང་འདྲ་སེ་དགའ་ཞེན་དང་ལབ་གླེང་མེད་ལ་འཁྲུགས་རྩོད་མེད་པ་ཞིག་ཡོང་གི་རེད་པས།  འཁྲུགས་རྩོད་དེའི་རྐྱེན་ལས་ཕྱིར་འཐེན་བྱེད་པ་དང་རང་ཉིད་ལོགས་སུ་སྡོད་འདོད་བྱས་པ་དེ་དག་གི་དཀའ་ངལ་གང་འདྲ་སེ་སེལ་དགོས། གལ་སྲིད་ང་ཚོའི་བདེ་སྐྱིད་དེ་སྤྱི་ཚོགས་སམ་ཁོར་ཡུག་གཞན་ཞིག་ལ་བརྟེན་ཡོད་ན་དེ་དག་ང་ཚོར་ངེས་པར་དུ་དགོས་གལ་ཆེན་པོ་ཆགས་ཡོད་ལ། གང་ལྟར་ང་ཚོས་གཏོར་བཤིགས་བཏང་བ་དེ་དག་ལ་གཅེས་སྤྲས་བྱེད་དགོས། གང་ཡིན་ཞེས་ན་ང་ཚོའི་སེམས་ཁམས་ཀྱི་བདེ་འཇགས་དང་བདེ་སྐྱིད་དེ་དག་ལ་བརྟེན་ཡོད། ང་ཚོ་སྤྱང་པོ་ཞིག་ཡིན་ན། ང་ཚོའི་མི་ཚེ་འདི་བར་མི་ཆད་པའི་འགྱུར་ལྡོག་ཡོད་པ་ཤེས་རྟོགས་ཆོག་ལ་འདུ་ཤེས་སམ་སེམས་ཚོར་གྱིས་བར་མི་ཆད་པའི་འགྱུར་ལྡོག་འགྲོ་དགོས་ཚུལ་ཤེས་རྟོགས་ཐུབ་པ་བྱེད་དགོས། ང་ཚོས་བག་ཕེབས་དང་བརྟན་སྲུང་གི་རིན་ཐང་ལ་གཅེས་སྤྲས་བྱེད་དགོས་པར་བརྟེན་འགྱུར་ལྡོག་དང་འདོད་པ་གཉིས་ཀྱི་བར་ལ་རྒྱུན་མི་ཆད་པའི་རྙོག་འཛིང་ཡོང་གི་ཡོད་པ་མངོན་གསལ་ཆགས་ཡོད། རྙོག་འཛིང་འདི་དེ་ནས་ཀྱང་མཇུག་བསྒྲིལ་ཆོག་གི་ཡོད་ལ།
འབྲེལ་བ་མེད་པར་མིའི་མི་ཚེ་གནས་མི་ཐུབ། ཡིན་ཡང་ང་ཚོ་རང་ཉིད་ལ་བརྩེ་བའི་དབང་གིས་ན་ཟུག་དང་ཞེ་སྣང་ཚབ་ཆེན་བཟོ་གི་ཡོད།   བརྩེ་བ་ངོ་མ་ཞིག་ཡོད་ན་གཅིག་གིས་གཅིག་ལ་དབང་འགྱུར་བྱེད་ཐུབ་བམ། ཡིད་ཆེས་དང་བསམ་ཚུལ་གདོང་ལེན་བཅས་ཀྱིས་ཁྱེད་ལ་ལན་དྲང་པོ་ཞིག་ནམ་ཡང་རྙེད་ཀྱི་མ་རེད། ཡིན་ཡང་རྟེན་འབྲེལ་གྱི་གོ་རྟོགས་ཀྱི་རྒྱུ་རྐྱེན་བརྒྱུད་ནས་ཁྱེད་ལ་ལན་དྲང་པོ་ཞིག་རྙེད་ཀྱི་རེད། གལ་སྲིད་སྐྱེ་བོ་གང་ཞིག་གིས་རང་ཉིད་དང་གཞན་དབར་གྱི་འབྲེལ་བའི་རྙོག་དྲ་དེ་ལེགས་པར་ཤེས་ཐུབ་པ་ཡིན་ན་དེས་གཅིག་བྱས་ན་ང་ཚོས་སྤྱི་ཚོགས་དང་འབྲེལ་བའི་རྙོག་ཁྲ་དེ་ཤེས་ཐུབ་པ་མ་ཟད་སེལ་ཡང་ཐུབ། སྤྱི་ཚོགས་ཀྱི་ཆེད་དུ་ང་ཚོས་རྒྱ་སྐྱེད་ཀྱང་བྱེད་ཐུབ།  ཁོར་ཡུག་ཟེར་བའི་ང་ཚོའི་སྤྱི་ཚོགས་དེ་འདས་པའི་མི་རབས་རྣམས་ཀྱིས་བཟོས་པ་མ་ཟད་ང་ཚོས་ཁས་ལེན་ཀྱང་བྱེད་ཀྱི་ཡོད།      དེས་ང་ཚོའི་འདོད་རྔམ་དང་གཅེས་འཛིན་གྱི་འཕྲུལ་སྣང་སོགས་རྒྱུན་སྐྱོང་བྱེད་པར་ཕན་གྲོགས་བྱེད། འཕྲུལ་སྣང་འདིའི་ནང་དུ་ཆིག་སྒྲིལ་ལམ་ཞི་བདེ་ཡོང་གི་མེད། དཔལ་འབྱོར་ཙམ་གྱིས་བསྐྲུན་པའི་ཆིག་སྒྲིལ་ལ་བརྟེན་ནས་བཙན་ཤེད་དང་དམག་འཁྲུག་སོགས་འགོག་མི་ཐུབ་པ་དེ་སྲིད་དུ་ང་ཚོ་སྒེར་གྱི་འབྲེལ་བ་ཤེས་རྟོགས་མི་ཐུབ་པ་མ་ཟད་ང་ཚོ་ཞི་བདེ་ཅན་གྱི་སྤྱི་ཚོགས་ཤིག་ཏུ་ཡང་གནས་མི་ཐུབ། དེར་བརྟེན་ང་ཚོའི་འབྲེལ་བ་དེ་གཅེས་འཛིན་གྱི་བརྩེ་གདུང་དུ་གཞི་བཞག་ནས་ཡོད།   ང་ཚོས་རང་གི་འབྱུང་ཁུངས་དང་དེའི་རྒྱུ་རྐྱེན་བྱ་སྤྱོད་སོགས་ངེས་པར་དུ་ཤེས་རྟོགས་ཐུབ་པ་བྱེད་དགོས། གཅེས་འཛིན་ལས་བརྒྱུད་པའི་འཚེ་བ་དང་འཇིགས་སྣང་ཕར་རྒོལ་སོགས་ལ་གཏིང་ཟབ་ཤེས་རྟོགས་ཐུབ་ན་དེའི་འབྲེལ་བའི་གོ་དོན་ཆ་ཚང་ཞིག་ཤེས་རྟོགས་བྱེད་ཐུབ།     དེ་འདྲའི་གོ་རྟོགས་གཅིག་པུ་དེ་ལས་གཞན་བརྟེན་དང་གཅེས་འཛིན་གྱི་བསམ་བློ་དེ་བསེལ་ཐུབ་ཀྱི་ཡོད་ལ་ཁོར་ཡུག་དང་དེ་མིན་གཞན་མ་ཡིན་པར་འབྲེལ་བའི་ནང་དུ་སོ་སོ་རང་ཉིད་ཀྱི་མཐུན་ལམ་གྱི་རྨང་གཞི་དེ་ཡང་འཛུགས་ཐུབ།
འབྲེལ་བའི་ནང་དུ་མི་མཐུན་པའི་རྒྱུ་རྐྱེན་གཙོ་བོ་ནི་སོ་སོ་རང་ཉིད་རེད། སོ་སོ་རང་ཉིད་ལ་ལྷག་པར་གཙིགས་སུ་འཛིན་པ་དེ་གལ་སྲིད་ང་ཚོས་གཞན་གྱི་བྱ་སྤྱོད་ཙམ་མ་ཡིན་པར་རང་ཉིད་ལ་གཅེས་པར་འཛིན་པ་ཡང་རག་ལས་པ་ཤེས་ཐུབ་པ་བྱ་རྒྱུ་ནི་ཧ་ཅང་གི་གལ་ཆེན་པོ་ཆགས་ཡོད། ཡིན་ཡང་སྐྱེ་བོ་གང་ཞིག་གི་བྱ་སྤྱོད་དང་རྣམ་འགྱུར་དེ་ཡ་ལན་དང་བྱ་སྤྱོད་ཀྱི་གཞི་རྩ་ཡིན་པ་གཏིང་ཚུགས་པ་ཞིག་རྟོགས་ཐུབ་ན། དེས་འབྲེལ་བའི་མྱོང་ཚོར་གཏིང་ཟབ་ཏུ་འགྱུར་བ་མ་ཟད་གཅེས་འཛིན་ལ་ཡང་འགྱུར་བ་ཆ་ཚང་ཞིག་འགྲོ་གི་རེད། འབྲེལ་བ་དེའི་ནང་དུ་གཞན་དང་དེའི་དངོས་ཡོད་ཀྱི་རྙོག་གྲ་གཅིག་པུར་མིན་པར་དེའི་བསམ་བློ་དང་ཚོར་བའི་སྟེང་དུ་ཡང་ཆ་སྙོམས་སུ་ཡོད། གང་ཞིག་གཞན་དག་དང་མཉམ་དུ་མཐུན་པོ་བྱེད་ཐུབ་ན་རང་ཉིད་ཀྱི་མཐུན་ལམ་དེ་ག་དུས་ཡིན་ཡང་གཞན་དང་ཁ་བྲལ་ཐབས་མེད་པ་ཞིག་རེད།  ཡིན་ཡང་འབྲེལ་བའི་ནང་དུ་གལ་ཆེ་ཤོས་ཅིག་ནི་གཞན་ཙམ་མ་ཡིན་པར་རང་ཉིད་ལ་ཡང་རགས་ལས་པ་སེམས་ལ་འཇོག་དགོས་པ་དེ་ཡིན། དེ་ནི་རང་ཉིད་ལོགས་སུ་དབྱེ་བའི་དོན་མ་ཡིན་པར་འགལ་ཟླ་དང་སྡུག་བསྔལ་གྱི་རྒྱུ་རྐྱེན་གཏིང་ནས་ཤེས་རྟོགས་བྱེད་དགོས་པ་དེ་ཡིན།   ང་ཚོ་གཞན་ལ་བརྟེན་པ་དེ་སྲིད་དུ་ང་ཚོའི་སེམས་ཁམས་ཀྱི་བདེ་སྐྱིད་དང་རེག་ཚོར་རམ་སེམས་ཚོར་དེ་འཇིགས་སྣང་གི་དབང་གིས་བསྐྱེད་ཅིང་དེ་ལས་སྡུག་བསྔལ་འབྱུང་བར་ངེས།
ཤེས་རྟོགས་དཀའ་བའི་འབྲེལ་བ་དེའི་ནང་ངེས་པར་དུ་དཔྱོད་ལྡན་དང་བཟོད་སྲན་དྲང་བདེན་བཅས་བྱེད་དགོས།   རང་ཉིད་གསལ་སྟོན་བྱེད་པའི་འབྲེལ་བའི་བརྒྱུད་རིམ་དེའི་ནང་སྡུག་བསྔལ་གྱི་བྱུང་རྐྱེན་སྤས་སྐུང་བྱས་པ་གསར་རྙེད་ཡོང་གིན་ཡོད་ལ།  འདི་རང་ཉིད་གསལ་སྟོན་བྱེད་པ་གཅིག་པུའི་ནང་དུ་འབྱུང་སྲིད་པ་ཞིག་རེད།   ངས་འབྲེལ་བའི་སྐོར་ལ་སླར་ཡང་ནན་ཏན་བྱས་ཏེ་ཤོད་ཀྱི་ཡིན་གང་ཡིན་ཟེར་ན་འབྲེལ་བ་ཡག་པོ་ཞིག་ཤེས་རྒྱུ་འདི་རྙོག་འཛིངས་ཆེན་པོ་ཞིག་རེད། ཡིན་ཡང་ང་ཚོས་གོ་དོན་རྟོགས་ཐུབ་པ་མ་ཟད་དེ་འདྲའི་གོ་དོན་དེ་རྒྱུ་མཚན་ལྟར་སྣང་དང་སེམས་ཚོར་ལས་འདས་པ་ཞིག་རེད། གལ་སྲིད་ང་ཚོའི་གོ་དོན་དེ་རྒྱུ་མཚན་ལྟར་སྣང་ཙམ་ལ་གཞི་བཞག་ན་དེའི་རྗེས་སུ་དེར་གྲོགས་མེད་ཁེར་རྐྱང་དང་ང་རྒྱལ། བརྩེ་གདུང་གི་མ་འདང་བ་དང་།  གལ་སྲིད་ང་ཚོའི་གོ་རྟོགས་ཏེ་སེམས་ཚོར་ཙམ་ལ་གཞི་བཞག་ན་དེའི་རྗེས་སུ་དེར་ཤེས་ཡོན་གྱི་རིན་ཐང་མེད་པ་མ་ཟད་འདུ་ཤེས་ཅིག་པུ་དེ་ཡང་གང་མགྱོགས་ཡལ་བ་དང་བརྩེ་གདུང་མེད་པར་འགྱུར་འགྲོ་གིན་ཡོད། འབྲེལ་བའི་གོ་རྟོགས་ཅིག་པུ་དེ་ལས་བྱ་བ་ཡོངས་སུ་སྒྲུབ་ཐུབ་ལ་དེ་འདྲའི་གོ་རྟོགས་དེ་ལ་གདུང་སེམས་མེད་པ་དང་གཏོར་སྐྱོན་གཏོང་མི་ཐུབ་ལ་དེ་ནི་དུས་ཚོད་ལ་མི་ལྟོས་པ་ཞིག་རེད།  གལ་སྲིད་ང་ཚོའི་འབྲེལ་བ་དང་ཉིན་རེའི་འདོད་རྔམས་ཀྱི་རྙོག་ཁྲ་དེ་གཉིས་ཀྱི་གོ་རྟོགས་མི་ཤེས་པ་ཡིན་ན།   གཞན་གྱི་བརྩེ་བའི་སེམས་ཁམས་ལ་འཚོལ་ཞིབ་བྱེད་པའི་གོ་རྟོགས་ཏེ་མ་རིག་པ་དང་འཕྲུལ་སྣང་ནང་དུ་གནས་ཡོད།
འདོད་རྔམ་གྱི་གོ་རྟོགས་དེའི་རྒྱུད་རིམ་ཆ་ཚང་ཞིག་ཧ་མི་གོ་བར་བཀའ་དྲིན་བསམ་ཤེས་དང་གཏོང་ཕོད་ཙམ་གྱི་རྨོངས་དད་དང་གདུབ་རྩུབ་ནམ་ཡང་འདའ་མི་ཐུབ་པར་མུ་མཐུད་ནས་གནས་པར་ངེས།  གཅེས་འཛིན་གྱི་འབྲེལ་བའི་གོ་རྟོགས་ཆ་ཚང་ཞིག་མ་རྟོགས་པར་སྙིང་རྗེའི་སེམས་དང་བཟོད་བསྲན་ཙམ་སྐྱེད་པ་ནི་རང་ཉིད་ལོགས་སུ་དབྱེ་བ་དང་ཕྲ་བའི་ང་རྒྱལ་རྒྱ་སྐྱེད་པའི་འབྱུང་གནས་ཤིག་རེད།  འདོད་སེམས་ཀྱི་གནས་སྟངས་ཏེ་ལེགས་པོ་ཞིག་ཤེས་རྟོགས་ཐུབ་ན།  དེའི་ནང་ནས་སྲེད་ཞེན་དང་རྙིང་རྗེ་སོགས་འབྱུང་སྲིད་པ་ཞིག་རེད།  རང་ཉིད་གཙིགས་སུ་འཛིན་པའི་གཏོང་སེམས་དེ་ནི་དགེ་བ་ཞིག་མིན་ལ།  དེ་འདྲའི་གོ་རྟོགས་འདི་ལ་རྒྱུན་ཆད་མེད་པར་སྤྱང་གྲུང་དང་དོ་སྣང་ཧྲུར་བརྩོན་བཅས་ངེས་པར་དུ་དགོས་གལ་ཆེ། དེ་ནི་ཤེས་སླ་བ་ཞིག་རེད། སྟངས་འཛིན་ཙམ་དང་མི་མཐུན་པའི་བློ་སྦྱོང་དེ་ནི་ཉེན་ཁ་ཆེ་བ་མ་ཟད་ཕྱོགས་ལྷུང་དང་ཆ་མ་ཚང་བ་ལྟ་བུ་ཞིག་ཀྱང་རེད། དེར་བརྟེན་ཤེས་རྒྱ་ཆུང་ཆུང་འདི་ཡིས་སོ་སོ་རང་ཉིད་ལ་ཁེ་ཕན་འཁྱེར་ཡོང་བ་མ་ཟད་རང་ཤུགས་ཀྱི་བསམ་གཏན་ནང་དུ་བློ་གྲོས་གང་ཞིག་བཞད་ཐུབ་ཀྱི་ཡོད།  ཉིན་རེའི་འཚོ་བའི་ནང་རྣམ་འགྱུར་དང་ལས། དོགས་དྲི། རྟོག་ཞིབ་བཅས་ལས་དབྱིངས་དེ་སྐྱེས་ཀྱི་ཡོད། རྙོག་ག་ཁྲ་སྣ་ཚོགས་ཀྱིས་བཅིང་པའི་མི་ཚེའི་ནང་འཁྲུག་རྩོད་དང་སྡུག་བསྔལ་མཉམ་དུ་ངེས་པར་འབྲེལ་བའི་གོ་རྟོགས་ཆ་ཚང་ཞིག་ཤེས་རྒྱུ་ནི་མེད་དུ་མི་རུང་བ་ཞིག་རེད། ང་ཚོས་འདོད་རྔམ་གྱི་རྒྱུད་རིམ་གཅིག་པུ་དེ་ནས་གཏིང་ཟབ་ཞིག་ཤེས་ཐུབ་ན་དེས་འབྲེལ་བའི་གོ་རྟོགས་ཤེས་ཐུབ་ཀྱིན་ཡོད་ལ་དེ་ནི་ང་ཚོའི་མི་ཚེའི་ནང་གི་སྟོབས་ཤུགས་ཤིག་ཀྱང་རེད།
དྲི་བ།   རང་ཉིད་གསལ་སྟོན་བྱེད་པའི་གཏམ་བཤད་ནང་ཁྱེད་ཀྱི་བྱས་ན་སོ་སོ་རང་གི་ཤེས་པར་བྱས་ནས་གསལ་པོ་བཟོ་དགོས་རེད་དམ་ཡང་ན་གཞན་ལ་བརྟེན་ནས་གསལ་པོ་བཟོ་དགོས་རེད་དམ།
ཁི་རི་ཤི་ན་མུར་ཏི།   མི་ཞིག་གིས་རང་ཉིད་སྐོར་གཞན་ལ་ཡང་སེ་བཤད་ཀྱི་མ་རེད། ཡིན་ཡང་སོ་སོ་རང་ཉིད་གང་མཐོང་བ་འམ་རང་ཉིད་གསལ་སྟོན་ནས་གཞན་གསལ་སྟོན་བྱེད་པ་གང་ཞིག་གལ་ཆེ་གི་རེད། གལ་སྲིད་ང་ཚོས་ཐུབ་ན་ངས་དེའི་སྐོར་གསལ་བཤད་བྱ་རྒྱུར་འབད་བརྩོན་བྱེད་ཀྱི་ཡིན། འབྲེལ་བ་ཚང་མ་མེ་ལོང་གི་ནང་དུ་གཟུགས་པོ་གུག་གུག་དང་འདྲོང་པོ་གསལ་པོར་མཐོང་བ་ནང་བཞིན་རེད། འདི་དམིགས་པ་རྣོ་ངར་ཅན་དུ་མཐོང་བ་ལ་དགོས་མཁོ་སྤྲོད་ཀྱིན་ཡོད། ངས་གོང་དུ་གསལ་བཤད་བྱས་པ་ནང་བཞིན་རེད། གལ་སྲིད་ང་ཚོ་ཕྱོགས་ལྷུང་གི་ལོང་བ་ཞིག་ཡིན་ན་བསམ་ཚུལ་དང་ཡིད་ཆེས་ཐོབ་ཀྱི་མེད། གང་ལྟར་ཡང་བཟོད་དཀའ་བའི་འབྲེལ་བ་དེ་ཕྱོགས་རེས་མེད་པ་ཞིག་ཡིན་པ་གསལ་པོ་ཤེས་ཐུབ་ཀྱིན་ཡོད། དེ་འདྲ་སོང་ཙང་འབྲེལ་བ་དེ་རང་ཉིད་གསལ་སྟོན་བྱེད་པའི་བརྒྱུད་རིམ་ཞིག་མ་རེད།   ང་ཚོའི་གཞི་རྩའི་གལ་གནད་གཙོ་བོ་ནི། དོན་དངོས་པོའི་གནད་ལུགས་མཐོང་བ་ལ་བཀག་འགོག་བྱེད་མཁན་དེ་གང་ཞིག་ཡིན་མིན་ལྟ་རྒྱུ་དེ་རེད། ང་ཚོའི་བསམ་ཚུལ་དང། ང་ཚོའི་སྐོར། ང་ཚོའི་འཇིགས་སྣང་། ཕུགས་བསམ། ཡིད་ཆེས། ལུགས་སྲོལ་བཅས་ང་ཚོས་ཤེས་མི་ཐུབ། གང་ཡིན་ཟེར་ན་དེ་དག་གི་བྱེད་ལས་ཚང་མ་བཀབ་གཞག་ཡོད། འབྲེལ་བའི་འཁྱོག་བཤད་ཀྱི་རྒྱུ་རྐྱེན་དེ་དག་ཧ་མི་གོར་བར་ང་ཚོས་སོ་སོའི་ལྟ་ཚུལ་འཛིན་པ་འམ་རྗེས་འགྱུར་བྱེད་ཐབས་བྱེད་པ་དེས་ཕར་རྒོལ་དང་སྡུག་བསྔལ་ཇེ་མང་བཟོ་གིན་ཡོད། ང་ཚོའི་གལ་གནད་གཙོ་བོ་དེ་སོ་སོའི་ལྟ་ཚུལ་མི་བརྗེད་པ་འམ་ལྟ་ཚུལ་གང་ཡིན་ཁས་ལེན་བྱེད་དགོས་ལ་དེས་འཁྱོག་བཤད་སྐོར་གྱི་རྒྱུ་རྐྱེན་མང་པོ་ཞིག་ཤེས་རྟོགས་ཡོང་གི་ཡོད།  མི་ཁ་ཤས་ཀྱིས་བརྗོད་གསལ་ལ་ཁོང་ཚོ་ལས་ཀའི་བྲེལ་ཟིང་ཆེ་བས་འབྲེལ་བའི་སྐོར་ལ་ཤེས་རྟོགས་བྱ་རྒྱུའི་དུས་ཚོད་མེད་ཟེར་གྱིན་ཡོད་ཀྱང་དེ་ནི་དུས་ཚོད་ཡོད་མེད་ཀྱི་གནད་དོན་མ་ཡིན་པར་དེ་ལ་དགའ་མོས་ཡོད་མེད་ལ་རག་ལས་ཡོད། གང་ལྟར་ལས་ཀའི་བྲེལ་ཟིང་ག་ཚོད་ཆེ་ཡང་འབྲེལ་བའི་སྐོར་ལ་དགའ་མོས་ཡོད་ན་དེ་ནས་འབྲེལ་བ་ཤེས་འགོ་ཚུགས་ཀྱིན་ཡོད། གང་མགྱོགས་རྙེད་ཐབས་བྱེད་པའི་མཇུག་འབྲས་ནི་འབྲེལ་བའི་སྐོར་ཆ་ཚང་ཞིག་ཤེས་རྒྱུར་གཏོར་བརྒོལ་འབྱུང་སྲིད་པ་ཞིག་རེད།         
གཟའ་ཕུར་བུ།, 27 /03/ 2014 14:06

ལས་དབང་ཞིག །

བོད་ལྗོངས་དིང་རི་གཞི་ཁོངས་སུ།
མཚོ་སྒོ་ཞེས་པའི་རྫོང་ཆེན་ཞིག།
ས་འདུལ་གྲུབ་པའི་རི་གཉིས་དབར།
མཚོ་སྨད་བདག་གི་སྐྱེས་ཡུལ་ཆགས།

ཡབ་ཆེན་ཕ་དང་ཡུམ་ཆེན་གྱིས།
ཅི་དགར་རོལ་བའི་ལན་ཆགས་ལས།
ཕྱི་ལོ་བརྒྱ་བཅུ་གྱ་གཉིས་ནང།
དལ་འབྱོར་ཚང་བའི་མི་ལུས་སྦྱིན།

གངས་ལྗོངས་ནོར་འཛིན་གཞི་མ་རུ།
དབྱངས་གསལ་སོ་བཞིའི་འགྱུར་ཁུག་དང།
ཨ་མས་བསླབས་པའི་གཏན་ཚིག་གིས།
བདག་བློའི་མུན་པ་ཡོངས་སུ་གསལ།

བྱམས་ལྡན་ཡབ་ཡུམ་གཉིས་ཀྱི་འོག།
རིགས་ཀྱི་སྨུ་གུའི་རང་གཤིས་སྨིན།
ཟབ་རླིང་བརྩེ་སེམས་རྒྱ་མཚོའི་གཏེར།
གཡོ་མེད་བློ་སྟོབས་བདག་ལ་སྦྱིན།

ཤར་ཕྱོགས་མུན་པའི་གྲང་ངར་གྱི།
ཆོས་ལྡན་ཁ་བའི་ཞིང་ས་རུ།
ཉེས་མེད་གདུང་ཤུགས་དྲགས་པོ་ཡིས།
ཁྲག་དང་མཆིས་མས་དྲག་ཆར་ཕབ།

སྔོན་བསགས་ལས་སྨོན་བརྩན་པོའི་དབང།
ཡུལ་བསྐུར་ནས་གཞན་ཡུལ་ཆས།
དཀའ་སྡུག་ངལ་བར་མི་འཛེམས་པར།
དིང་རབས་ཤེས་བྱའི་བཅུད་ལེན་འབད།

 
གཟའ་ཟླ་བ།, 09 /09/ 2013 18:53

གསང་བའི་གཏམ་རྒྱུད།

སྤྱིར་ཤེས་ཡོན་གྱི་སྡེར་གཏོགས་ཙམ་དུ་མ་ཟད་གང་ཟག་སྒེར་སོ་སོར་ཉིན་རེའི་དམིགས་བསལ་གྱི་སེམས་ཚོར་རམ་བྱ་གཞག་གལ་ཆེན་རྣམས་ཡིག་ཐོག་ཏུ་འབྲི་རྒྱུའི་གོམས་གཤིས་ཡོད་པ་མ་ཟད་ཐ་ན་མི་གཞན་གྱི་ཉིན་ཐོ་ལྟ་ཀློག་བྱས་ཚེ་གཞན་གྱི་གསང་བ་ཤེས་རྟོགས་བྱས་པའི་ནག་ཉེས་སུ་བརྩིས་ཏེ་སྤྱི་ཚོགས་ནང་ཕ་མ་བུ་ཕྲུག་དང་། བརྩེ་གྲོགས་དབར་ལ་བསམ་ཡུལ་ལས་འདས་པའི་རྙོག་འཛིང་འབྱུང་གི་ཡོད་པ་མ་ཟད་ཐ་ན་ཡ་ང་བའི་གནས་ཚུལ་མང་པོ་ཞིག་ང་ཚོའི་མཐོང་ཆོས་སུ་གྱུར་ཡོད། དེའི་ཕྱིར་ངའི་ཉིན་ཐོ་དམར་རྗེན་མ་འདི་རང་ཉིད་ཀྱི་གནས་བབ་བམ་ཁོ་མོའི་ཆེད་དུ་བགྲང་ཆ་གསུམ་ཙམ་རིང་རྩ་ཆེའི་དངོས་པོ་བཞིན་ལྕགས་སྒམ་གྱི་ནང་དུ་མི་མངོན་པའི་དབྱིངས་སུ་མ་འཇོག་ཀ་མེད་དུ་གྱུར། ཡིན་ཡང་དེ་རིང་དགོས་དབང་ཞིག་གིས་རྐྱེན་བྱས་ཏེ་ལྕགས་སྒམ་དེ་ཁ་ཕྱེ་དགོས་བྱུང་བ་མ་ཟད་དམར་རྗེན་མ་འདི་ཡང་རང་དབང་མེད་པར་ཐེངས་གཅིག་མ་ཀློག་ཀ་མེད་དུ་གྱུར་སོང་ལ། ཆ་མི་སྙོམས་པའི་དོགས་འཆར་འདི་དག་གིས་ངའི་སེམས་ཁམས་ན་བུན་མཁའ་ལ་འཁྲིག་པ་བཞིན་ཡོངས་སུ་བཀབ་སྟེ་སྐབས་ཤིག་རིང་ཅི་བྱ་གཏོལ་མེད་དུ་གྱུར། ངས་བསམ་གཞིགས་ཀྱི་ནུས་པ་ཡོད་ཚད་ཕྱོགས་གཅིག་ཏུ་སྤུངས་ཏེ་དོགས་འཆར་དང་ཉོབ་སྣང་གིས་བཅིངས་པའི་སེམས་ཁམས་དྭངས་གསལ་དུ་ཡོང་བར་བྱས། དུས་ཡུན་ཆེས་རིང་མོ་ཞིག་དོགས་འཆར་གྱི་འཆིང་རྒྱའི་གཞན་དབང་ལས་མགོ་བོ་འབུས་མ་ཐུབ་པའི་ཁོ་བོའི་སེམས་ཁམས་ཀྱི་གནས་བབ་ཐམས་ཅད་རྒྱང་རིང་དུ་བསྐྱུར་བའི་ཆེད།     འཛེམ་འབག་དང་ངོ་ཚའི་ཤུན་པ་མཐའ་དག་གཅིག་རྗེས་གཉིས་མཐུད་དུ་བཤུས་ཏེ་ཉིན་ཐོ་འདི་ཉིད་མི་མངོན་པའི་གཏིང་ནས་བླངས་ཏེ་གཟུགས་རིས་ཀྱི་ངོ་བོར་འགོད་པར་འདོད་པ་དེ་ཡིན། སྤྱིར་གུས་པ་ནི་རྩོམ་རིགས་ཀྱི་ལུས་རྩལ་ཡོངས་སུ་མ་སྨིན་པའི་སློབ་ཕྲུག་ཅིག་ཡིན་ཀྱང་། དཀར་ཤོག་ས་གཞིའི་སྟེང་དུ་རང་ཉིད་ཀྱིས་དགའ་བའི་ཟློས་གར་ཞིག་འཁྲབ་པར་འདོད་པས།    རྒྱ་ཆེའི་གཟིགས་མོ་བ་ཚོས་གུས་པར་བསྟོད་སྨད་ཀྱི་སྒྲ་དབྱངས་ཅི་ཙམ་སྒྲོག་ཀྱང་ངས་ཡོད་ཚད་ནས་ཡོད་ཚད་བློས་བཏང་སྟེ་བརྩེ་དུང་གི་ཉིན་ཐོ་འདི་ཉིད་འགོ་འཛུགས་པར་སྤྲོ། ཐོག་མར་ངས་ཉིན་ཐོ་འདིའི་རྒྱབ་ལྗོངས་སྐོར་ཡིག་ཚོགས་མང་པོ་མེད་པར་མདོར་བསྡུས་ཤིག་ཞུས་ན།     ཁོ་མོ་ང་ལ་ག་དུས་འཕྲད་མིན་གྱི་དུས་ཚོད་ཏག་ཏག་ཅིག་གུས་པར་ཤོད་རྒྱུ་མེད་ཀྱང་དྲན་ལམ་དུ་ཡོད་པ་ནི་རླུང་འཚུབ་ཀྱིས་ཡོངས་སུ་བསྒྲིབས་ཏེ་ཕན་ཚུན་མཐོང་དཀའ་བའི་ཕྱི་དྲོའི་ཆུ་ཚོད་བཞི་པ་ལྔ་པའི་གཡས་གཡོན་ཙམ་ལ་གཟུགས་སྟོབས་ཅུང་ཆུང་ཞིང་ངོ་གདོང་ནག་པའི་ཕོ་གཞོན་ཞིག་གིས་ཁོ་མོ་འཁྲིད་ཡོང་སྟེ་བོད་ཀྱི་རྒྱལ་ས་ལྷ་སའི་ཆང་ཁང་ཞིག་ཏུ་ལམ་འཁྲིད་པ་ཞིག་ལ་རྩིས་སྤྲོད་བྱས། མིག་ཟུང་ལ་མཆི་ཞགས་འཁོར་ཞིང་སྐད་གདངས་ཀྱང་ཅུང་མི་གསལ་བའི་ཐོག་ནས་ཁོ་མོར་ཁ་བརྡ་མང་པོ་བྱས་སོང་།    མཐར་ཁྱེད་ཕ་གིར་འབྱོར་བ་དང་ལམ་སེང་ཅོ་ཅོ་ཆེ་གེ་མོ་ཞིག་ལ་འབྲེལ་བ་བྱེད་དང་། ཁོས་ཁྱེད་རང་ས་ཆ་ག་གེ་མོར་འཐེན་གྱི་རེད་ཅེས་ཤབ་ཤུབ་ཏུ་སྨྲས་ཏེ་ཕྱིར་ཐོན་སོང་། དུས་དེ་ནས་བཟུང་ཁོ་མོ་ཡང་ང་དང་འདྲ་བའི་ལས་དབང་གིས་འདེད་པའི་བཙན་བྱོལ་བ་ཞིག་ཏུ་གྱུར་བ་མ་ཟད་དུང་སེམས་གཅིག་ཏུ་འདྲེས་པའི་ཟུངས་ཁྲག་གི་མྱུ་གུ་འདི་ཡང་དེ་ནས་འབུས་འགོ་ཚུགས། ངེད་གཉིས་དང་འདྲ་བའི་བོད་ཕྲུག་མང་པོ་ཞིག་སློབ་གྲྭར་འབྱོར་བ་དང་བྱད་བཞིན་ལ་མངོན་པ་ནི་དགའ་ཚོར་དང་ཡིད་ཆེས་ཀྱི་རྣམ་པས་ཁེངས་པའི་གདོང་མར་ངོ་མ་ཞིག་མཚོན་ཐུབ་པ་དེ་རེད།    ཁོ་མོ་ནི་ང་དང་སློབ་འབྲིང་བར་འཛིན་གྲྭ་གཅིག་པ་ཙམ་མིན་པར་བརྩེ་སེམས་ཀྱི་འོ་ཆུ་གཅིག་ཏུ་འདྲེས་ཤིང་འགྱུར་མེད་བློ་དཀར་གྱིས་བཅིངས་པའི་གཏན་གྲོགས་སམ་སྐྱིད་སྡུག་འདྲེས་མའི་བློ་གཏན་གྱི་མཛའ་གྲོགས་གཅིག་པུ་དེ་ཡིན།     སྐབས་དེ་དུས་ངེད་གཉིས་ནི་སྤྲོ་སྣང་དང་དགོད་སྒྲའི་སྣང་བས་ཁེངས་ཤིང་ཕན་ཚུན་ལ་ཡིད་གཅུགས་པའི་རྩེ་རོགས་སམ་ཆུང་འདྲིས་བྱམས་པ་དེ་རེད། གང་ལྟར་ཡང་ངས་ཁོ་མོའི་ཆེད་དུ་བརྩེ་སེམས་ཀྱི་གདུང་བ་སྙིང་དབུས་སུ་བཅུག་སྟེ་དགོད་སྒྲའི་ལག་རྗེས་གཞག་མྱོང་ལ་དུཿཁའི་རྐང་རྗེས་བཞག་མྱོང་བ་ལན་གཅིག་མིན། མདོར་ན་སྐབས་དེར་ངེད་གཉིས་ལ་ཕོ་མོའི་དབར་གྱི་བརྩེ་དུང་གི་ཟུངས་ཁྲག་གཅིག་ཏུ་འཁྱིལ་བའི་མྱོང་བ་དེ་ཡོད་མེད་ཚོར་མི་ཐུབ་ཀྱང་རེ་འགས་ངེད་གཉིས་ནི་བརྩེ་དུང་གི་དྲ་བའི་སྦུབས་སུ་ཚུད་པའི་དགའ་རོགས་དང་རེ་འགའི་སྣང་ངོར་ངེད་གཉིས་ནི་གཅེན་གཅུང་ཡིན་པའི་གཏམ་འཆལ་སྣ་ཚོགས་ཤིག་སློབ་གླིང་དེའི་ཁོར་ཡུག་ཀུན་ལ་རླུང་ལྟར་གྲགས།   དུས་ཀྱི་བཞུར་རྒྱུན་ནི་གསེར་མདོག་ཅན་གྱི་སྙེ་མ་དལ་ཞིང་གཡོ་བའི་རླུང་བུའི་ཁ་ཕྱོགས་ལ་བརྟེན་པ་བཞིན་དལ་གྱིས་ཆས་སོང་ལ་ཁོ་མོ་ཡང་དེ་སྔོན་གྱི་ཁ་ཆད་མངོན་འགྱུར་བྱུང་སྟེ་ངོ་མཚར་བཀོད་ལེགས་ཀྱི་ཁང་བརྩེགས་དུ་མས་རྣམ་པར་མཛེས་ཤིང་དེང་རབ་ཀྱི་ཤེས་བྱའི་འོ་མཚོ་གྱེན་དུ་འཕྱུར་བའི་ཤེས་རིག་གི་སློབ་གླིང་ངམ་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་དུ་སྤྲོ་སྣང་དང་འཛུམ་མདངས་ཀྱི་རྣམ་པ་འཕྱུར་བཞིན་ང་དང་གཏན་དུ་བྲལ་ནས་ཆས་སོང་ལ།     ཁོ་མོས་ང་ལ་བཞག་པ་ནི་ང་གཉིས་རྗེས་སུ་ཡང་ཡང་ཐུག་རྒྱུའི་རྟེན་དུ་ཕ་མེས་ཀྱི་ཤུལ་བཞག་བྱུ་རུ་རྐང་གཅིག་མ་དང་དབྱིན་ཇི་ནང་འཁོད་པའི་འཕྲིན་ཐུང་ཞིག་རེད།    ཁོ་མོ་བྲལ་བའི་ཉིན་མོ་དེ་ནས་བདག་ནི་ཁེར་རྐྱང་གི་གདུང་བས་མནར་ཞིང་མིག་ཟུང་མཆི་ཞགས་ཀྱིས་ཁེངས་པའི་རྒྱུས་མེད་ཀྱི་འགྲུལ་པ་ཞིག་ཏུ་གྱུར།      དུས་ཡུན་དེ་དག་གི་རིང་དྲན་པ་ནི་ཁོ་མོ་ཡིན་ལ། ཚོར་བ་ནི་མཆི་མ་ལྷུང་ལྷུང་དུ་འབབ་པ་དེ་ཡིན། སྐབས་རེ་ལས་དབང་ལ་འཁང་ར་བྱེད་པ་མ་ཟད་སྐབས་རེ་རང་ཉིད་ལ་འང་འཚིག་པ་ཟ་བཞིན་ལོ་ཟླའི་ཕྲེང་བ་རིམ་གྱིས་བཞུད། དེའི་ཕྱིར་འཇིག་རྟེན་མི་ནག་གི་ལས་དབང་ལ་རིམ་གྱིས་ཞེན་པ་ལོག་སྟེ་ངུར་སྨྲིག་གི་ན་བཟས་བཀླུབས་པའི་སྡོམ་ལྡན་གྱི་སྐྱེས་བུ་ཞིག་ཏུ་འགྱུར་བར་འདོད་པ་བཞིན།
སྐྱ་བོའི་ཆས་གོས་རྣམས་ཡོངས་སུ་དོར་ཏེ་རབ་བྱུང་ངུར་སྨྲིག་གི་ན་བཟའ་འཚར་དུ་དངར་བ་དང་དུ་བླངས་ཏེ་གཞན་གཅེས་དང་སྙིང་སྟོབས་ཀྱི་ལམ་བུར་ཆས་འགོ་ཚུགས། དུས་དེ་ནས་བཟུང་བརྩེ་དུང་གི་འཆིང་ཐག་དེ་ཡང་སྣུམ་ཟད་མར་མེ་བཞིན་ཉིན་རེ་ལས་ཉིན་རེ་བཞིན་ཇེ་ཞན་ཇེ་ལྷོད་དུ་གྱུར་ཏེ་གཏན་བདེའི་ཕྱོགས་སུ་གོམ་ཁ་རིམ་གྱིས་དོར་བ་ནི་ཆེས་བླ་ན་མེད་པའི་གཟི་བརྗིད་ཅིག་ཡིན་པ་གདོན་མི་ཟ་སྙམ། ཕྲན་ལ་ཆ་མཚོན་ན་ཆེས་མཛེས་སྡུག་ལྡན་ལ་ཕུགས་རྒྱང་གི་འོད་སྟོང་འཕྲོ་བའི་བདེ་སྐྱིད་ཀྱི་མེ་ཏོག་བཞད་པ་དང་གཉིས་སུ་མ་མཆིས། འཇིག་རྟེན་གྱི་ཁམས་འདིར་ཚན་རིག་ཆེས་ཐོག་མར་དར་བ་ནས་བཟུང་འགྲོ་བ་མི་རྣམས་ཀྱི་མཐོང་ཐོས་དྲན་ལམ་དུའང་འཆར་མི་མྱོང་བའི་དངོས་པོ་སྣ་ཚོགས་ཤིག་མེད་པ་ནས་ཡོད་པ་དང་ཡོད་པ་ནས་གོང་འཕེལ་མྱུར་བགྲོད་ཆེ་བའི་དུས་རབས་འདི་ལ་མི་རྣམས་ཀྱིས་བརྡ་འཕྲིན་གྱི་དུས་རབས་ཞེས་མགྲིན་པ་གཟེངས་སུ་བཏེགས་ཏེ་བསྔགས་བརྗོད་ཀྱི་མེ་ཏོག་ཆུན་པོ་གཏོར་བ་མ་ཟད་དུས་རབས་འདིའི་མི་རྣམས་ཀྱི་སེམས་ཁམས་དང་འཚམ་པའི་སྤྱི་ཚོགས་དྲ་རྒྱ་ནི་ཆུའི་ལྦུ་བ་བཞིན་ཉིན་རེ་ལས་མ་འདས་པར་ཇེ་བཟང་དང་ཇེ་མང་དུ་གྱུར་ཏེ་འཛམ་གླིང་གི་གནས་ཚུལ་མང་པོ་ཞིག་དྲ་ལམ་དེ་དག་གི་ཐོག་ནས་དྭངས་གཙང་གི་མེ་ལོང་ནང་གཟུགས་བརྙན་གསལ་ལེར་འཆར་བ་བཞིན་འདྲེན་བྱེད་དབང་པོའི་སྤྱོད་ཡུལ་དུ་མངོན་པར་ཤར། ཕྲན་ཡང་དུས་རབས་ཉི་ཤུ་རྩ་གཅིག་པའི་རབ་བྱུང་བ་ཞིག་ཡིན་གཤིས་དུས་རབས་ཀྱི་གོམ་བགྲོད་དང་འཚམ་པའི་གོམ་ཁ་ཞིག་འགྱུར་བར་འདོད་ནས་སྟབས་བདེའི་གློག་ཀླད་ཅིག་བེད་སྤྱད་དེ་དེང་དུས་ཀྱི་དྲ་ལམ་ཁག་ནས་བོད་དོན་དང་འབྲེལ་བའི་གནས་ཚུལ་བལྟ་ཀློག་དང་འབྲེལ་དེང་དུས་ཀྱི་ཤེས་ཡོན་སོགས་ལ་དོ་སྣང་དང་། དེང་ངེད་ཚོའི་འདྲེན་བྱེད་དབང་པོའི་སྤྱོད་ཡུལ་དུ་འགྱུར་བཞིན་པའི་སྤྱི་ཚོགས་དྲ་རྒྱ་གཅིག་པུ་དེ་ནི་དེང་སྐབས་ཀུན་གྱིས་བེད་སྤྱོད་བྱེད་བཞིན་པའི་(face book)ངོ་དེབ་ཅེས་པའི་དྲ་རྒྱ་འདི་ཡིན་ལ།    དྲ་རྒྱ་འདི་འཛམ་གླིང་ནང་དར་འགོ་ཚུགས་པ་དང་མི་རྣམས་ཀྱི་འགྲོ་འདུག་གི་གླེང་སློང་དེ་ཡང་དབྱར་གྱི་ཆུ་གཏེར་ཁ་ལ་འཕྱོ་བ་བཞིན་དེའི་དགེ་མཚན་རྣམས་གླེང་བ་མ་ཟད་ཐ་ན་ངོ་དེབ་བེད་མ་སྤྱད་ཚེ་རང་ཉིད་སྤྱི་ཚོགས་འདིའི་ནང་ཆེས་རྗེས་ལུས་ཅན་ཞིག་ཡིན་པའི་ཚོར་སྣང་ཤུགས་ཆེར་ཡོང་གི་ཡོད། དེའི་ཕྱིར་རིག་གནས་ཡོད་མིན་ལ་མ་ལྟོས་པར་སྤྱི་ཚོགས་ནང་ངོ་དེབ་བེད་སྤྱོད་བྱེད་མཁན་ནི་ཇོ་མོ་བླ་རིའི་གངས་དང་ཡར་ཀླུང་གཙང་པོའི་རྒྱུན་བཞིན་ད་ལྟ་བར་དུ་ཆད་
མྱོང་མེད་ལ་འབྱུང་འགྱུར་ཡང་ཆད་མི་སྲིད་པ་ཞིག་རེད།    
མདོར་ན་དུས་དེ་ནས་རང་ཉིད་ཀྱིས་ཀྱང་རྗེས་ལུས་ཀྱི་ཚོར་སྣང་དང་ཕྱིའི་གནས་ཚུལ་ཤེས་རྟོགས་དཀའ་བའི་མུན་འཐོམ་གྱིས་གཏུམས་པའི་འཆིང་རྒྱ་དེ་ལས་གྲོལ་བྱེད་དུ་ངོ་དེབ་བེད་སྤྱོད་བྱེད་འགོ་བཙུགས་པ་དང་། འཛམ་གླིང་གི་ཉིན་རེའི་གནས་ཚུལ་གཙོས་ཕྱི་ནང་གི་ཤེས་བྱ་མང་དག་ཅིག་ངོ་དེབ་བརྒྱུད་ནས་ཤེས་རྟོགས་བྱེད་ཐུབ་པ་མ་ཟད་སྤུན་ཉེ་གཙོ་བོར་གྱུར་པའི་སྤྱི་ཚོགས་སྟེང་གི་མི་སྣ་མང་དག་ཅིག་ལ་འབྲེལ་བ་མེད་པ་ནས་ཡོད་པ་དང་ཡོད་པ་ནས་གོང་འཕེལ་དུ་ཕྱིན་ཏེ་རང་ཉིད་ཀྱི་བསམ་བློའི་གནས་བབ་ལ་གནམ་ས་བླ་འོག་ལྟ་བུའི་འགྱུར་ལྡོག་བྱུང་བ་ཀུན་སྲིད་ཀུན་དར་ལྟ་བུར་གྱུར། ཕྲན་ཡང་རེས་གཟའ་སྤེན་པའི་དགོང་མོ་ཕྱག་ཚོད་བཅུ་གཅིག་ཡས་མས་ཤིག་ལ་ངོ་དེབ་ཁ་ཕྱེ་བཞིན་ཅུང་ཉོབ་སྣང་གིས་གདན་ཁྲིའི་སྟེང་དུ་འཕྲེད་ཉལ་རྒྱབ་བཞིན་མུར། གློ་བུར་ཐོག་རྒྱག་ཏུ་འཕྲིན་བརྡ་ཞིག་བསྒྲགས་བྱུང་། གུས་པས་ཉོབ་སྣང་གིས་ཏོག་ཙམ་རིང་སྣང་མེད་ལྟ་བུར་བཞག ཡང་བསྐྱར་འཕྲིན་བརྡ་ཞིག་འབྱོར་བྱུང་བས་གུས་པས་ཉོབ་སྣང་གིས་ཆིག་ལབ་ངང་འཕྲིན་སྒམ་ཁ་ཕྱེ་སྐབས། སྐུ་ཞབས་ཚེ་དར་ལགས་བཀྲིས་བདེ་ལེགས། ཁྱེད་བདེ་པོ་ཡིན་ནམ། ཞེས་པའི་འཕྲིན་ཐུང་གཉིས་འབྱོར་འདུག གུས་པ་བདེ་པོ་ཡིན། གཟིམས་འཇགས་གནང་གོ་ཞེས་པའི་འཕྲིན་ལན་ཞིག་བསྐུར་བ་ཡིན། དེ་རྗེས་ཡང་བསྐྱར་འཕྲིན་བརྡ་ཞིག་འབྱོར་བའི་ནང་གུས་མོ་འབྲུག་མོ་ཡིན། ཞེས་པའི་འཕྲིན་ལན་ཞིག་འབྱོར་སྐབས་ལམ་སེང་ཡར་ཙོག་ཙམ་བྱས་ཏེ་འབྲུག་མོ་སུ་ཡིན་ན་སྙམ་པའི་དོགས་འཆར་ཞིག་དང་སྦྲགས་ཅུང་ཙམ་བསམ་བློ་བཏང་བ་ཡིན། དེ་རྗེས་ལམ་སེང་ཁྱེད་རང་འབྲུག་མོ་སྐྱིད་ཡིན་ནམ་ཞེས་པའི་འཕྲིན་ལན་ཞིག་བྲེལ་བྲེལ་ངང་བསྐུར་བ་ཡིན། དེ་ནི་བག་ཆགས་ཤིག་གི་ལག་རྗེས་ལས་འབྲུག་མོ་ཞེས་པའི་མིང་དེ་གོ་སྐབས་འབྲུག་མོ་སྐྱིད་ཡིན་པའི་ཚོར་སྣང་དེ་ད་དུང་གུས་པའི་སེམས་གཏིང་ནས་བརྗེད་མེད་པ་དེ་གསལ་པོ་རྟོགས་ཐུབ། འཕྲིན་ཐུང་དེ་དག་གིས་འགོ་བརྩམས་ནས་ནམ་ཕྱེད་བར་སྔར་སོང་གི་བྱ་གཞག་ཁག་ལ་སླར་ཡང་དྲན་གསོའི་ཐེངས་ཤིག་བྱེད་པར་ཐལ། གུས་པ་ནི་གཏི་མུག་གཉིད་ཀྱིས་བཟི་བའི་ཉོབ་སྣང་གི་བསམ་པ་དག་སྐད་ཅིག་དེ་ཉིད་དུ་ཞི་ནས་ཁོ་མོའི་དྲི་བ་དྲི་ཐེངས་རེ་རེ་དང་དྲིས་ལན་འདེབས་ཐེངས་རེ་རེར་སྦི་ལ་བསིལ་དུ་བསིལ་དུ་ཕྱིན་ཏེ་ནམ་སྐྱ་སངས་གི་ཞོགས་པའི་དྲིལ་བརྡ་བརྡུངས། མཚན་གཅིག་གི་དུས་ཚོད་ནི་དེ་འདྲའི་འགྲོ་མགྱོགས་པ་ལ་ཨང་སྙམ་པའི་ཆིག་ལབ་ཀྱང་ཐལ། བརྒྱུད་རིམ་དེ་དག་གི་ནང་དུ་བརྩེ་དུང་གི་ལ་རྒྱ་ཟབ་མོའི་མདུད་པས་བཅིངས་པའི་ཁོ་མོ་ཡང་བགྲང་བྱ་ཉེར་གཅིག་གི་རྗེས་དེ་རིང་སླར་ཡང་གུས་པའི་པང་དུ་སྣང་ས་འོད་འབུམ་མི་ཡུལ་དུ་འདས་ལོག་བྱུང་བ་ལྟར་གཟུགས་བྱད་ལྡེམ་ལ་སྐྱེ་འབྲས་མཚར་བའི་ངང་གུས་པའི་ངོ་དེབ་ནང་དུ་ཁོ་མོ་དངོས་སུ་ཐུག་འཕྲད་བྱུང་སྟེ་ཁོ་མོའི་འདྲ་པར་ལ་ལྟ་རིམ་བཞིན་རང་ཉིད་ཀྱི་སྣང་བ་ཡོངས་སུ་དག་ཏེ་འདས་དོན་མང་པོ་ཞིག་ཁྲི་གདུགས་ཉི་མ་གངས་རིའི་རྩེ་ལ་ཤར་བ་ལྟར་བདག་གི་དྲན་ལམ་དུ་གཅིག་རྗེས་གཉིས་མཐུད་ཀྱིས་ཁྲ་ལྷམ་མེར་འཆར་བཞིན་འདུག་ལ། ཁོ་མོས་ཀྱང་དགའ་བའི་རྦ་རླབས་ལང་ལོང་དུ་འཕྱུར་བཞིན་གུས་པའི་འཚོ་བར་འགྱུར་ལྡོག་ཇི་ལྟར་བྱུང་མིན་དང་མི་ལོ་ཉེར་གཅིག་རིང་གི་ཁོ་མོའི་དགའ་སྐྱོ་འདྲེས་མའི་ཚོར་བ་དང་མ་འོངས་ཕུགས་འདུན་སོགས་དང་། དེ་མིན་གྱི་གུས་པར་འབྲེལ་ཐུག་བྱེད་མི་ཐུབ་པའི་རྒྱུ་རྐྱེན་སོགས་ཀྱི་སྐོར་ནོར་འཛིན་སྒེག་མོར་སྦྲང་ཆར་སིམ་སིམ་དུ་བབས་པ་ལྟར་ཕྲན་གྱི་རྣ་བའི་བུ་གར་སྙན་ཞིང་འཇེབས་པའི་སྒོ་ནས་སྒྲོག་པ་ནི་གཡང་རྩེའི་སྒང་ལ་ཡས་སྒྲོན་གྱིས་བརྒྱན་པ་ལྟར་ཆེས་ངོ་མཚར་ཆེ་ལ་མཛེས་སྡུག་ལྡན་པའི་སེམས་དབུས་ཀྱི་མེ་ཏོག་སེར་ཆེན་ཞིག་དང་མཚུངས། དུས་ཚོད་ནི་སྐད་ཅིག་ཙམ་ཡང་མི་སྡོད་པར་འདས་འགྲོ་བ་ནི་དེ་ཁའི་ཆོས་ཉིད་ཡིན་སྟབས་ཡུད་ཙམ་ཞིག་ལ་ཟླ་ཤས་སོང་ཟིན་པ་དང་ངེད་གཉིས་ཀྱི་འབྲེལ་ཐག་དེ་ཡང་ཇེ་ཟབ་ཇེ་བརྟན་དུ་གྱུར་ཏེ་ཕན་ཚུན་སེམས་རྩ་འཁོལ་པོས་དེ་སྔོན་ཕན་ཚུན་ལ་བརྩེ་གདུང་གི་མདའ་མོ་ཇི་ལྟར་འཕངས་མིན་དང་བརྩེ་གདུང་གི་ལམ་འཕྲང་འདིའི་ནང་ཁོ་མོར་བརྩེ་དུང་གི་བར་ཆད་འཕྲད་ཏེ་དེ་ལས་ཇི་ལྟར་རྒྱལ་མིན། སྐབས་རེ་ཕན་ཚུན་བསྟན་བཤིག་སློང་རེས་བྱས་ཏེ་ཞོགས་པའི་ཆུ་ཚོད་དང་པོ་གཉིས་པའི་བར་དུ་འགོར་འགྲོ་བ་སོགས་ཀྱི་གནས་ཚུལ་མང་དག་བྱུང་སོང་བས། སླར་ཡང་རྩེ་དུང་གི་རྨ་ཁ་རྙིང་པ་རྣམས་རིམ་གྱིས་གསོས་ཏེ་འཇིག་རྟེན་མི་ནག་གི་ལས་དབང་ལ་བློ་ཁ་ཕྱོགས་ལ་ཁད། །
གཟའ་ཉི་མ།, 01 /09/ 2013 20:57

མང་གཙོ་དང་དེའི་གལ་གནད།

དེང་ཡང་འཛམ་གླིང་དམག་ཆེན་གྱི་དྲག་པོའི་དུག་རླུང་དེ་ཡོངས་སུ་འཇུག་འགྲིལ་བ་དང་དུས་མཚུངས་སུ་དུས་རིམ་འདྲ་མིན་ནང་འཛམ་གླིང་གི་
ས་ཕྱོགས་གང་སར་མང་གཙོའི་སྐོར་གྱི་རླབས་རྒྱུན་དེ་ཚད་ངེས་ཅན་ཞིག་ཏུ་གྱུར། དཔེར་ན་ནུབ་ཕྱོགས་ཀྱི་ཆབ་སྲིད་མཁས་ཅན་ཧིན་ཐིལགྱི་མང་
གཙོའི་ཞིབ་འཇུག་གི་གྲུབ་དོན་ནང། དུས་རབས་༢༠པའི་ལོ་རབས་༥༠འཇུག་ནས་༦༠སྟོད་བར་དུ་ནུབ་ཕྱོགས་ཀྱི་ཆབ་སྲིད་རིག་པའི་ཞིབ་འཇུག་བྱ་
ཡུལ་གཙོ་བོ་ནི་མང་གཙོའི་སྔོན་འགྲོའི་ཆ་རྐྱེན་དང་མང་གཙོའི་ལམ་ལུགས་འཕེལ་རྒྱས་སོགས་ཀྱི་སྐོར་ཡིན་པ་གསལ་སྟོན་བྱས་ཡོད། ༧གོང་ས་མཆོག་གི་བཀའ་སློབ་ཅིག་ཏུ་ཡང།    སྐྱོན་བྲལ་ཡང་དག་པའི་སྲིད་གཞུང་ནི་གཅིག་ཀྱང་མེད་ན་ཡང་མི་རྣམས་ཀྱི་བསམ་བློ་དང་ཁ་ཕྱོགས་ཉེ་ཤོས་དེ་མང་གཙོ་རེད་ཅེས་གསུངས་འདུག  དེའི་ཕྱིར་མི་རྣམས་ཀྱི་བསམ་བློའི་ནང་ཆེས་མཐོའི་གོ་ས་ཟིན་པའི་ཡང་དག་ཤོས་ཀྱི་ལམ་ལུགས་དང་
མངོན་འདོད་ཆེ་ཤོས་དེ་ལ་མང་གཙོ་ཞེས་བརྗོད་ན་འང་ཆོག་པ་འདྲ། མང་གཙོའི་ལམ་སྲོལ་འདི་དེང་སྐབས་འཛམ་གླིང་ནང་ཆབ་སྲིད་ཀྱི་ཐབས་ལམ་
བཟང་ཤོས་སམ་དགེ་ཚན་ཆེ་ཤོས་ཤིག་ཏུ་འཛམ་གླིང་གི་ཆབ་སྲིད་མཁས་པ་མང་པོ་ཞིག་གིས་ངོས་འཛིན་བྱེད་པ་མ་ཟད་བསྔགས་བརྗོད་ཀྱི་མེ་ཏོག་མཆུན་པོ་གཏོར་བཞིན་ཡོད། དེས་མ་ཟད་རྒྱལ་ཁབ་མང་པོ་ཞིག་གི་མི་མང་ཁྲི་སྟོང་མང་པོས་ལམ་སྲོལ་འདི་ལོངས་སུ་སྤྱོད་རྒྱུའི་སླད་དུ་ཐབས་རྩོད་བྱས་ཏེ་ཐ་ན་རང་ཉིད་ཀྱི་ཆེས་རྩབའི་ལུས་སྲོག་གི་འགྲོ་གྲོན་ཡང་ཕངས་མེད་གཏང་བའི་གཏམ་རྒྱུད་སྣ་ཚོགས་ཞིག་ང་ཚོའི་རྣ་བས་ཉན་ན་གོ་རྒྱུ་དང་མིག་གིས་བལྟས་ན་མཐོང་རྒྱུ་ཡོད་པ་ཞིག་ཡིན། 
སྤྱིར་མང་གཙོའི་སྲིད་གཞུང་ཞིག་ཡང་དག་པ་ཡོང་མིན་གྱི་ཚད་འཛིན་ས་གཙོ་བོ་ནི་མི་མང་གི་དོན་དུ་མི་མང་གིས་བཙུགས་པའི་གཞུང་འདིས་མི་མང་གི་བློ་འདོད་དང་འཚམས་པའི་དགོས་མཁོ་སྐྲུན་མཁན་ཞིག་ཆགས་ཐུབ་མིན་ལ་འཇོག་དགོས་པར་སེམས། རང་ཅག་རྣམས་ལ་དེ་འདྲའི་ཀྱག་ཀྱོག་གི་ལམ་བུ་དེ་འདྲ་བརྒྱུད་མི་དགོས་པར་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཐུགས་བརྩེ་ཟབ་མོས་མང་ཚོགས་ཀྱིས་མང་གཙོའི་གནས་ཚད་དང་གོ་རྟོགས་སྨིན་མིན་ལ་མ་ལྟོས་པར་བཙན་ཐབས་ཀྱིས་མང་གཙོ་དེ་ང་ཅག་རྣམས་ལ་དུས་དང་འཚམ་པའིགསོལ་བསྩལ་གནང་བ་ཞིག་རེད།  མདོར་ན་མང་གཙོ་ཚད་ལྡན་ཞིག་ཡོང་བར་མགོ་ཁྲིད་མཐོ་དམན་སུ་ཡིན་རུང་ཆབ་སྲིད་ཀྱི་འགན་དབང་དང་འཛིན་སྐྱོང་གི་འགན་ཆེ་ཤོས་འཁྱེར་མཁན་དེ་སྐུ་ཕྲེང་རིམ་བྱོན་དང་མཐོ་རིམ་མི་སྣ་སོགས་མིན་པར་དུས་ནས་དུས་སུ་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་ཅིག་ངེས་པར་དུ་དགོས་པ་རེད།       
བཙན་བྱོལ་ནང་གི་མང་གཙོའི་འཕེལ་རིམ།
བོད་ཀྱི་རྩ་དོན་དང་ཆབ་སྲིད་ཀྱི་འགན་དབང་དེ་མང་ཚོགས་ཀྱིས་འགན་འཁུར་དགོས་སྟབས་༧གོང་ས་མཆོག་གིས་མ་འོངས་བོད་ཀྱི་མདུན་ལམ་ལ་ཐུགས་བཞེད་ཟབ་མོའི་ཐོག་ཕྱི་ལོ་༡༩༦༠ལོ་ནང་མིང་དོན་མཚུངས་པའི་མང་གཙོའི་གཞུང་ཞིག་ཡོང་ཕྱིར་སྤྱི་འཐུས་ལྷན་ཚོགས་གསར་འཛུགས་གནང་བ་མཟད་མ་འོངས་རྩ་ཁྲིམས་ཀྱི་ཟིན་བྲིས་ཡང་གཏན་འབེབས་གནང། སྐབས་དེར་༧གོང་ས་མཆོག་ནས་ཐུགས་ཐག་ཆོད་པོས་གྲོས་ཚོགས་
མཐུས་མིའི་འོས་ཤོག་སུམ་ཆ་གཉིས་ལོངས་ཚེ་ཏཱ་ལའི་བླ་མའི་སྐུ་དབང་ལ་ངེས་པར་དུ་འགྱུར་བ་གཏང་ཆོག་ཅེས་མ་འོངས་རྩ་ཁྲིམས་ནང་དུ་བཀོད་
དུ་བཅུག་ཡོད།    འཛམ་གླིང་གི་ཆབ་སྲིད་ཀྱི་འཕོ་འགྱུར་དང་འགྲོ་བ་མིའི་དགོས་མཁོ་ཟམ་མི་ཆད་པར་གོང་འཕེལ་དུ་འགྲོ་བ་དང་བསྟུན་ཆེས་མཐོའི་བརྒྱུད་རིམ་མང་པོཞིག་གིས་ཐོག་ནས་༧གོང་ས་མཆོག་སྐུ་དངོས་ཀྱིས་སྣེ་ཁྲིད་པའི་བཙན་བྱོལ་ནང་དུ་ཡང་རིམ་བཞིན་མང་གཙོ་གོང་འཕེལ་དུ་ཕྱིན།   དེ་སྔ་བོད་དུ་༧གོང་ས་མཆོག་ནས་ཆབ་སྲིད་ཀྱི་ཐུགས་འགན་མ་བཞེས་པའི་དུས་ཡུན་ནང་བོད་ནང་དུ་ཡང་རྒྱལ་ཚབ་སོགས་བསྐོ་སྲོལ་ཡོད་པ་འདྲ་ཡང་།  དེ་ནི་མང་ཚོགས་ཀྱིས་ཐད་ཀར་འོས་བསྡུའི་ལམ་ནས་བསྐོ་གཞག་བྱེད་པའི་ཡང་དག་པའི་མང་གཙོ་ཅན་གྱི་རྣམ་པ་ཞིག་མིན། ཡིན་ན་འང་དེའི་བརྒྱུད་རིམ་ཁྲོད་དུ་མང་གཙོའི་བསམ་བློ་དང་འདུ་ཤེས་མངོན་ཐུབ་པ་དེ་གསལ་པོ་རེད།

བོད་མིའི་སྤྱི་ཚོགས་སུ་མང་གཙོའི་ལམ་སྲོལ་ཚད་ལྡན་ཞིག་ཡོང་ཐབས།
འགྲོ་བ་མི་རྣམས་ཀྱི་ལོ་ངོ་སྟོང་ཕྲག་དུ་མའི་བཅོས་མིན་གྱི་རྨི་ལམ་ནི་མང་གཙོའི་ལམ་ལུགས་འདི་ཡིན་ལ།  འདི་ལས་གཞན་དུ་བདེ་ཞིང་སྐྱིད་པའི་ཡང་དག་པའི་འཚོ་བའི་ལམ་ལུགས་ཤིག་ད་བར་ང་ཚོས་བཙལ་ཀྱང་རྙེད་ཐུབ་མེད། དེས་ན་ང་ཚོས་ལོ་ངོ་ལྔ་བཅུའི་རིང་མང་གཙོ་ལོངས་སུ་སྤྱད་པའི་ཉམས་མྱོང་གི་ཐོག་ནས་མང་གཙོའི་ལམ་ལུགས་རྨང་གཞིར་བཞག་པའི་ཐོག་རྒྱ་གར་དང་རྒྱལ་སྤྱིའི་མང་གཙོའི་འགྲོ་སྟངས་ལ་ང་ཚོས་ངེས་ཤེས་བརྟན་པོ་རྙེད་པའི་སྒོ་ནས་ང་ཚོའི་སྤྱི་ཚོགས་སུ་མང་གཙོའི་གོ་རྟོགས་གོང་སྤེལ་དང་། མ་འོངས་དྭངས་གཙང་མཆོག་གྱུར་གྱི་རེ་སྨོན་དེ་མངོན་འགྱུར་ཡོང་ཆེད་དུ་མདུན་སྐྱོད་ཀྱི་བསམ་བློའི་སྒུལ་ཤུགས་ཕྱོགས་གཅིག་ཏུ་བསྒྲིལ་ཏེ་འཐབ་རྩོད་གང་ཡིན་ངོས་འཛིན་གསལ་བོ་བྱས་ནས་དམིགས་བསལ་སྲིད་ཇུས་དང་སྟབས་བསྟུན་གྱི་བྱ་ཐབས་ཁག་ལ་སེམས་ནུས་གཅིག་སྒྲིལ་དང་། མཐུན་སྒྲིལ་གོང་འཕེལ། དཀའ་སྤྱད་འབད་བརྩོན།  གསར་གཏོད། རང་མགོ་རང་མཐོན། ཆིག་སྒྲིལ་བཅས་ཀྱི་སྒོ་ནས་བོད་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། གཞིས་ཆགས་ས་བརྟན། དགོན་སྡེ་ཁག་ཏུ་ཤེས་ཡོན་ལྟེ་གནས་ཁང་། རྒན་གསོ་ཁང་། བུ་གསོ་ཁང་།  འཕྲོད་བསྟེན་སྨན་ཁང་སོགས་སྤྱི་ཚོགས་ཀྱི་འཛུགས་སྐྲུན་བྱ་གཞག་ཁག་དབྱར་གྱི་མཚོ་མོ་རྒྱས་པ་ལྟར་དུ་ནུས་པ་གོང་འཕེལ་དུ་གཏོང་རྒྱུ་བཅས་ནི་དུས་སྐབས་གསར་བའི་གཞོན་སྐྱེ་རྣམས་ཀྱི་ལྡོག་ཏུ་མེད་པའི་འོས་འགན་ཞིག་ཡིན་ལ་བོད་མིའི་སྤྱི་ཚོགས་སུ་མང་གཙོའི་ལམ་སྲོལ་ཚད་ལྡན་ཡོང་བའི་ཐབས་ལམ་ཡག་ཤོས་ཤིག་ཀྱང་ཡིན། དེ་ཡང་སྟབས་བདེ་ཙམ་ཞིག་གི་སྒོ་ནས་བཤད་ན་དུས་རབས་ཀྱི་དགོས་མཁོ་དང་མང་གཙོ་ལོངས་སུ་སྤྱོད་མཁན་མི་མང་གི་མངོན་འདོད་ཀྱི་དགོ་མཁོ་སྟེ། དགོས་མཁོ་དེ་གཉིས་ཀྱི་ཐོག་ནས་མང་གཙོའི་ལམ་དུ་མུ་མཐུད་མདུན་སྐྱོད་བྱ་དགོས་ལ།  དེ་ཡང་མང་གཙོའི་ཁྱད་ཆོས་གཙོ་བོ་ཞིག་ནི་རང་གི་མགོ་ཁྲིད་རང་གིས་འོས་འདེམས་བྱེད་པ་དང་། རང་གི་མངོན་འདོད་རང་གིས་བཤད་པ་གཉིས་ཀྱི་ལམ་ལུགས་ཤིག་ལ་ཟེར་ཞིང་། མདོར་ན་འདིའི་ས་མཚམས་དང་གལ་ཆེའི་རང་བཞིན། ཕན་ནུས་སོགས་ལ་གོ་རྟོགས་ཡོད་པ་ཞིག་ངེས་པར་དུ་དགོས་གལ་ཆེ།
ཆབ་སྲིད་འགན་དབང་དབུ་ཁྲིད་ལ་སྩལ་བར་ཤེས་ཡོན་པ་རྣམས་ཀྱི་འགན་ཁུར་
དང་འདུ་ཤེས་གསར་པ་གང་ཞིག་ཁྱེར་དགོས།
རྒྱལ་སྤྱིའི་མང་གཙོའི་འགྲོ་ལུགས་ལྟར་ན་ཆབ་སྲིད་ཀྱི་འགན་དབང་དེ་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་ཀྱིས་འགན་ཁུར་དགོས་པ་ལས་མཐོ་རིམ་མི་སྣ་དང་ཆོས་ལུགས་མི་སྣས་བདག་དབང་བཟུང་བའི་ལམ་སྲོལ་དེ་འདྲ་མེད་པ་རེད།  ཕྱི་ལོ་༢༠༡༡་ལོའི་ཟླ་བ་༨་པའི་ཚེས་༨ཉིན་༸གོང་ས་༸སྐྱབས་མགོན་རིན་པོ་ཆེ་མཆོག་ནས་ཡང་དག་པའི་མང་གཙོའི་ལམ་ལུགས་གཞི་རྩར་བཟུང་བའི་ཆོས་སྲིད་བཟུང་འབྲེལ་གྱི་སྐུ་དབང་ཡོངས་རྫོགས་སྲིད་སྐྱོང་མཆོག་ལ་སྩལ་བ་དེས་༧རྒྱལ་བ་རིན་པོ་ཆེས་ཆབ་སྲིད་ཀྱི་ཐུགས་འགན་བཞེས་འདོད་མེད་པ་དང་། སེམས་ཤུགས་ཆག་པ།
བོད་མིའི་བདེན་དོན་འཐབ་རྩོད་བློས་བཏང་བ་ཞིག་གཏན་ནས་མ་ཡིན་པར་བོད་བསྟན་པ་ཆབ་སྲིད་ཀྱི་གནས་སྟངས་ལ་ཕུགས་རྒྱང་རིང་པོར་གཟིགསཏེ། ཁོང་ཉིད་ནས་ཆབ་སྲིད་ཀྱི་ཐུགས་འགན་བཞེས་མི་དགོས་པར་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་སོ་སོས་ཆབ་སྲིད་འགན་དབང་ཡོངས་རྫོགས་འགན་ཁུར་དགོས་པའི་ཆེད་དུ་ཡིན། རང་ཡུལ་གངས་ཅན་ལྗོངས་སུ་ཡང་རྒྱ་གར་དང་ཨ་རི་ལྟ་བུའི་མང་གཙོའི་ངོ་བོ་ཡོངས་སུ་རྫོགས་པ་ཞིག་ཡོང་དགོས་ན།   ཕྱི་ལོ་༡༦༤༢ལོར་༧གོང་ས་ལྔ་པ་ཆེན་པོའི་བོད་གཞུང་དགའ་ལྡན་ཕོ་བྲང་དབུ་བརྙེས་པ་ནས་བཟུང་༧་རྒྱལ་བ་སྐུ་ཕྲེང་ན་རིམ་ནས་བདག་དབང་བཟུང་བའི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ཡོངས་སུ་མཇུག་བསྒྲིལ་བ་དེ་བཟང་ཕྱོགས་ཀྱི་རྣམ་པ་ཞིག་ཀྱང་ཡིན།  དེས་ཤེས་ཡོན་པ་རྣམས་ལ་ཐུན་མོང་གི་འདུ་ཤེས་གསར་པ་ཞིག་དང་། ཤེས་ཡོན་གྱི་ཁ་ཕྱོགས་གསར་པ། འགན་ཁྲིད་གསར་པ་ཞིག་ཀྱང་རང་སར་བབས་ཡོད། དེའིཕྱིར་ད་ཐེངས་བོད་ཀྱི་སྐུ་ཕྲེང་ན་རིམ་ནས་བདག་དབང་བཟུང་བའི་ཆོས་སྲིད་ཟུང་འབྲེལ་གྱི་དུས་རབས་མཇུག་བསྒྲིལ་བ་དེ་བོད་མི་ཡོངས་ལ་ཐུན་མོང་གི་འདུ་ཤེས་ཆེ་ཤོས་དང་། ཁྱད་པར་དུ་བོད་མིའི་ཆབ་སྲིད་ཀྱི་ནུས་པ་གཅིག་སྒྲིལ་གྱི་གཞི་རྒྱ་ཆེ་ཤོས་ཤིག་ཀྱང་ཡིན། འདི་ནི་ཕྱོགས་གཅིག་ནས་ཤེས་ཡོན་སྦྱང་བརྩོན་བྱེད་བཞིན་པའི་དུས་རབས་གསར་པའི་གཞོན་སྐྱེས་ཡར་ཐོན་ཅན་ཚོའི་བསམ་བློའི་ནུས་ཤུགས་གོང་འཕེལ་དུ་འགྱུར་བཞིན་པའི་བཟང་ཕྱོགས་ཀྱི་མཐུན་སྦྱོར་དང་འབྲེལ་བ་ཡོད། མདོར་ན་གདོང་དམར་བ་ཡོངས་ནས་མ་འོངས་འདུན་ལམ་གྱི་ཆེད་དུ་ནུས་པ་ཆིག་སྒྲིལ་ཐོག་གོམ་པ་མདུན་ནས་མདུན་དུ་སྤོ་དགོས་པ་དང་བཙན་བྱོལ་བོད་མིའི་སྒྲིག་འཛུག་ས་བརྟན་ཡོང་སླད་དུ་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ནས་དེང་རབས་ཅན་གྱི་རྗེས་སུ་མུ་མཐུད་བསྐྱོད་རྒྱུའི་འགན་འཁྲི་ཡོད་དགོས།       བོད་མི་མི་རེ་ངོ་རེས་རྣམ་དཔྱོད་དང་བློ་གྲོས་ཀྱི་རྩལ་བཏོན་ཏེ་མང་གཙོ་གཞི་ཙར་བཟུང་བའི་དབུ་མའི་ལམ་ལ་བརྩོན་ལེན་བྱེད་པ་ནི་ཕུགས་རྒྱང་རིང་པོའི་རྣམ་དཔྱོད་ཡིན་པ་དང་། མང་གཙོར་གཅེས་སྤྲས་བྱེད་པ་ནི་དུས་རབས་གསར་པའི་བློ་སྟོབས་དང་མེས་བུའི་མཚོན་རྟགས་ཤིག་ཀྱང་ཡིན། ད་དུང་ཆེས་ཉེ་ས་ནས་བརྗོད་ན་ང་ཚོ་དང་རྒྱ་གུང་ཁྲན་བར་གྱི་ལོ་ངོ་དུ་མའི་དབར་གྱི་རྩོད་གཞིའི་རྩ་དོན་ངོ་མ་དེའང་ཡང་དག་པའི་མང་གཙོ་དང་དུས་རབས་དང་མཐུན་པའི་རང་དབང་གི་སྤྱི་ཚོགས་ཤིག་འཛུགས་ཐུབ་མིན་ལ་རག་ལས་ཡོད་པར་སེམས། དེའི་ཕྱིར་ང་ཅག་ད་དུང་ཡ་ང་བའི་ལོ་ཟླར་དུས་ཡུན་རིང་པོར་ལུས་ཚེ་མུ་མཐུད་འཛིན་སྐྱོང་བཅོས་བསྐྱུར་དང་མང་གཙོ་དར་སྤེལ་བཏང་སྟེ་བོད་མི་རྣམས་རྨོངས་གཉིད་ཀྱི་དྲ་བ་ལས་མྱུར་དུ་བྲལ་ཐུབ་པ་ཞིག་ཅི་ནས་ཀྱང་གནང་དགོས་ལ། བོད་མིའི་སྲོལ་རྒྱུན་གྱི་བྱམས་བརྩེའི་གཤིས་ཀ་དང་རིག་གནས་གང་ཡོད་རྣམས་ཉར་ཚགས་བྱས་ཏེ་འཛམ་གླིང་གི་སྐྱེ་འགྲོ་ཀུན་ལ་འཚོ་བའི་དགོས་མཁོ་སྐོང་དགོས་པ་མ་ཟད་བོད་མི་གཞི་བྱེས་མཉམ་འཛོམས་ཡོང་བའི་རྨི་ལམ་དེ་མྱུར་དུ་མངོན་འགྱུར་ཡོང་བ་བྱེད་དགོས། འདི་ནི་བོད་ནང་ལ་ཡོད་པའི་སྤུན་ཟླ་ཡོངས་ལ་བཙན་བྱོལ་དུ་ཡོད་པའི་བོད་རྣམས་ཀྱིས་འབུལ་རྒྱུའི་ལེགས་སྐྱེས་རྩ་ཆེ་ཤོས་ཤིག་ཀྱང་ཡིན།།                                       

      
གཟའ་ལྷག་པ།, 28 /08/ 2013 20:26

དུས་དེ་ནས་བཟུང།

དྲིན་ཅན་ཡབ་ཡུམ་གཉིས་ནས་ཅི་དགར་རོལ་བའི་ལན་ཆགས་ཀྱི་ཕྲན་ལ་ཤ་ཁྲག་རུས་གསུམ་ལས་གྲུབ་པའི་དལ་བཟང་གི་ལུས་རྟེན་འདི་བྱིན། དེ་ནས་བཟུང་། འཇིག་རྟེན་གྱི་འཚོ་བའི་བགྲོད་ལམ་གསར་པའི་སྟེང་དུ་ཤར་བསྐྱོད་ཀྱི་གོམ་སྟབས་ཡོད་ཚད་ཞི་འཇམ་ངང་ཆེས་མཛེས་སྔུག་ལྡན་པ་ཞིག་ཏུ་བསྐྲུན། དུས་དེ་ནས་བཟུང་། དགའ་སྐྱོ་ཟུང་འབྲེལ་གྱིས་བརྩོན་འགྲུས་ཀྱི་རྟ་ཕོར་ཞོན་ཏེ་དཀའ་སྡུག་གི་གདུང་བར་མི་འཛེམས་པར་གཡོ་བ་མེད་པའི་དྲང་བདེན་དང་དྭངས་གཙང་མཆོག་གྱུར་གྱི་རེ་སྨོན་དག་གངས་རི་འི་རྒྱབ་ཏུ་བཅོལ་ཏེ་རང་ཉིད་ཀྱི་བཀུར་འོས་ཕ་མ་དང་ཚེ་སྲོག་ཡོད་ཚད་བློས་བཏང་སྟེ་རེ་ཞིག་བཙན་བྱོལ་བའི་ཟློག་ཏུ་མེད་པའི་ལས་དབང་ལ་ཁ་ལོ་བསྒྱུར། དུས་དེ་ནས་བཟུང་། ང་ནི་མི་ཡུལ་གྱི་ཆེས་གལ་ཆེ་བའི་རྒྱུས་མེད་ཀྱི་མགྲོན་པོ་ཞིག་ཡིན་ལ་ངས་གླིང་འདིར་ངོ་ཤེས་པ་ནི་ཀུན་གསལ་གྱི་ནམ་མཁའ་དང་ཡངས་པའི་ས་གཞི་མ་གཏོགས་མེད་པའི་བགྲང་བྱ་ཞིག་ཏུ་གྱུར། གནས་འདིར་ངས་ཀྱག་ཀྱོག་གི་རྐང་ལམ་ཕྲ་མོས་ཕྲེང་བ་བསྒྲིགས་ནས་བློ་རྩེ་གཅིག་གཏད་ཀྱིས་འགྲོ་བཞིན་མཆིས་ན་ཡང་ཆེས་གུ་དོག་པའི་ལམ་འཕྲང་དེར་བརྙས་བཅོས་དང་མཐོང་ཆུང་། མདོར་ན་ངའི་སྙིང་ཁར་བཟོད་མི་ཐུབ་པའི་རྡུང་རྡེག་ཚད་མེད་ཕོག་ནས་མིག་ཟུང་སྐྱོ་སྣང་གིས་མཆི་མས་བརླན་པ་ནི་ངོ་མ་ཉུང་ཉུང་གཏན་ནས་མིན། དུས་དེ་ནས་བཟུང་། རང་ཉིད་ཀྱི་གནས་བབ་དང་རང་ཉིད་སུ་ཡིན་མིན་སུའི་སླད་དུ་འཇིག་རྟེན་འདིར་འཚར་ལོངས་བྱེད་དགོས་མིན་སོགས་ཀྱི་མི་ཚེའི་གཏན་ཚིགས་མང་དག་ཅིག་ཤེས་རྟོགས་བྱུང་བ་མ་ཟད། གཏན་ཚིགས་དེ་དག་གིས་བློ་སྟོབས་ལས་ང་ལ་འཚོ་བའི་དྲོ་སྐྱིད་སྦྱིན་མྱོང། འཛམ་གླིང་གི་དངོས་པའི་འཕོ་འགྱུར་དང་དུས་ཀྱི་འགྲོ་ཕྱོགས་ཤིག་གིས་ཐོས་བསམ་རྣལ་མར་གཞོལ་བའི་གྲྭ་རྐྱང་ངའི་སེམས་ཁོང་དུ་ཡང་བཤད་མི་ཤེས་པའི་ཚོར་བ་ཞིག་ངང་གིས་སྐྱེས་ཏེ་མིག་མཐར་མཆི་མ་འཁོར་བཞིན་དྲན་གདུང་གི་ཟེགས་མ་དལ་འགྲོ་བཞིན་ཤང་ཤང་དུ་རྒྱུག་བཞིན་མཆིས་ན་ཡང་། འདས་ཟིན་པའི་ནོར་འཁྲུལ་གྱི་བྱ་གཞག་ལ་རང་ངོས་ནས་འཁང་ར་མེད་པར་སྙིང་ལ་རུས་པ་བཅུག་སྟེ། འཚོ་གཞིས་ཤུལ་དུ་ལུས་པའི་དྲིན་ཅན་གྱི་ཕ་མ་དང་མཛའ་གཅུགས་རྣམས་ཀྱིས་བཅོལ་བའི་རེ་བ་དེ་དག་དཀའ་ཚེགས་དང་ངལ་དུབ་ཀྱི་གོད་ཆག་ལས་རྣམ་པར་རྒྱལ་ཏེ་ཡངས་པའི་འཇིག་རྟེན་གསར་པ་ཞིག་བསྐྲུལ་རྒྱུའི་དོན་དུ་བློ་རྩེ་གཅིག་ཏུ་བསྒྲིམས་ནས་དགའ་སྤོབས་ཆེན་པོས་ཆོས་གཞུང་ལ་སློབ་གཉེར་བྱེད་པར་བྲེལ།
ཐོག་མ།སྔ་མ།12རྗེས་མ།མཐའ་མ།
ཤོག་ངོས་རྗེས་མ་དག་ཀློགས།