གསར་སྤེལ་ཟིན་བྲིས།

བརྩམས་སྒྲུང་།

བརྩམས་སྒྲུང་། (29)

གཟའ་པ་སངས།, 24 /02/ 2017 17:07

འདབ་ལོ་སེར་པོ།

ཟིན་བྲིས་པ།
སྐབས་ཤིག་ཏུ་ཁོའི་རྣ་ལམ་དུ་"བིར་བིར་"ཞེས་བྲག་ཆ་བཞིན་གྲགས་པ་ཙམ་ལས་ཅི་ཡང་མི་གོ་ཞིང་མིག་མདངས་དམར་པོར་གྱུར་ཏེ་ཁོ་མོའི་ཕྱོགས་སུ་ཁ་གཏད་དེ་འདུག   ཞོགས་ཁ་ཁ་པར་གྱི་སྐད་སྒྲ་རྣ་ལ་གཟན་པོ་དེ་ཐེངས་འགར་གྲགས་པ་དང་ཁོ་ལམ་སེང་གཉིད་ལས་སད་དུས་ཉིན་མ་ཤར་བ་མ་ཟད་བཟི་ཡང་དྭངས་འདུག་པ་ཤེས།   ཁོས་རང་ཉིད་གཅེར་བུར་ཚེ་སྒྲོལ་ལྷན་དུ་ཉལ་ནས་བསྡད་ཡོད་པ་མཐོང་སྐབས་མདང་དགོང་གི་སྐོར་ལ་བསམ་བློ་ཅི་ཙམ་བཏང་ནའང་ཁོང་གཉིས་ཀྱིས་སྦི་རག་འཐུང་བ་དང་ཁོ་མོའི་གཏམ་རྒྱུད་བཤད་པ་སོགས་དྲན་པ་ཙམ་ལས་རྗེས་སོར་ཇི་ལྟར་ཉལ་བ་དང་ཅི་ཞིག་བྱུང་བ་སོགས་ཀྱི་སྐོར་ཨེན་ཙམ་ཡང་མ་དྲན།  ཁོ་སུ་ལའང་ལེ་འདེད་བྱེད་དགོས་མ་ཤེས་པར་རེ་ཞིག་ལྷག  ཁོ་མོ་ནི་ལམ་འགྲམ་དུ་སྟོན་རླུང་གིས་ཁུར་བའི་འདབ་ལོ་སེར་པོ་ཞིག་དང་ཨ་ན་མ་ན་ལྟ་བུར་སྣང་། ཉི་མ་ཤར་ཟིན་མོད།  ཁོ་མོ་ད་དུང་གཉིད་དུ་ཡུར་འདུག
འབྲུག་རྒྱལ་གྱི་གདོང་ལ་སྤོབས་སེམས་ཀྱི་ཉམས་ཤིག་མངོན་ཏེ་ཁོ་རང་གི་ཨ་ཕའི་རྗེས་སུ་འདུར་གྱིན་ཁ་སྔོན་གྱི་དོན་དག་དེ་གླེང་། ཐེངས་དེར་ཁོས་ཧ་ཅང་དོན་ཆེན་ཞིག་བསྒྲུབས་ཡོད་སྙམ་པའི་རྨོངས་འཆར་ཞིག་ཡིད་ལ་སྒོམ་བཞིན་པའི་སྐབས་སུ་ཨ་ཕས་ཁོང་ལ་གདོང་མདོག་འགྱུར་བའི་རྣམ་འགྱུར་ཞིག་དང་ཆབས་ཅིག་འགྲམ་ལྕག་ཚ་ཐག་ཆོད་ཅིག་གཞུས་ནས“ཁྱེད་ཀྱིས་བདག་གི་དོན་ཆེན་བརླག་ཏུ་བཅུག་བྱུང་། ཁྱེད་ཀྱིས་ཧོད་རྒྱུག་ཁོ་ན་ལས་ཅི་ཡང་ཤེས་ཀྱི་མི་འདུག་པ་ག་རེ་ཡིན་ནམ།”
“ངས་ཅི་ཞིག་བྱས་ན་ད་གཟོད་ཁྱེད་ཀྱིས་འདོད་པ་ཚིམ།”ཅེས་ཁོས་ཁ་ཐུག་ཡ་ལན་སྤྲད་པས་ན།
“ཁྱེད་ཀྱི་ཡ་མ་བརླ་ཡི་བྱེད་སྟངས་འདིས་ཁ་སྔོན་གྱི་རྩོམ་ཡིག་ག་གེ་མོ་བདེན་པ་ཡིན་པའི་ར་སྤྲོད་བྱས་པ་མ་ཡིན་ནམ། ཁོས་ཡང་བསྐྱར་དོན་རྐྱེན་འདིས་སྐོར་ལ་རྩོམ་ཡིག་ཅིག་སྤེལ་བས་ན་ང་ཚོ་ཁ སྐྱེངས་ནས་འདུག་རྒྱུ་ལས་ཅི་ཡང་མེད་པ་ཨེ་ཤེས།”ཞེས་ཁོའི་ཨ་ཕས་འགྲམ་པ་གཡས་གཡོན་ན་གཤོག་སྒྲོ་བཞིན་བརྐྱངས་བའི་སྨ་ར་ཚོམ་བུ་གཉིས་གཡུག་གིན་གཡུག་དེ་ལྟར་ནན་ཏན་གྱིས་བརྗོད་མ་ཐག་འབྲུག་རྒྱལ་ལའང་ལན་ཅི་ཡང་མེད་པར་ཁུ་སིམ་མེར་ལྷག
བཀྲ་ཤིས་སྐྱབས་ཕ་ཡུལ་དུ་མ་སོང་བར་རང་ཉིད་ཀྱི་ལས་དོན་ག་གེ་མོ་རེ་རེའི་སླད་དུ་ཁུལ་ཐོག་རུ་དེ་ལྟར་ལྷག  ས་སྲོད་ཀྱི་དུས་སུ་སླེབས་པའི་སྐབས་སུ་ཁོང་གིས་ཟ་མ་བཟོ་བྱེད་ཀྱི་སྔོ་ཚལ་འགའ་ཤས་ཤིག་ཉོས་ནས་ཕྱིར་ནང་དུ་ཡོང་གིན་འདའ།  ལག་གཡས་པས་ཅ་ལག་ཁྱེར་ཏེ་ལག་གཡོན་མས་ཁོང་གི་སྙིང་དུ་སྡུག་པའི་གཡང་འཛོམས་དང་ལྷན་དུ་སྐད་ཆ་བཞིན་ཀྱག་ཀྱོག་གི་ཁང་པའི་བར་དུ་རྩ་ལམ་བརྒྱུད་ནས་ཡོང་། ཡུན་ཙམ་ཡོང་བའི་རྗེས་སུ་ཁང་པའི་བར་ལོགས་ཀྱི་རྐང་ལམ་དོག་ཅིང་བགྲོད་ལམ་མི་གསལ་བས་ཤིན་ཏུ་ནས་རྒྱུས་ཡོད་ཅིག་མིན་ན་ནི་འགྲོ་ཐབས་བྲལ་ལྟ་བུ་ཞིག་ཏུ་སྣང་ཡོང་། རྣ་འགྲམ་དུ་གཏད་པའི་ལག་འཁྱེར་ཁ་པར་འོད་ཀྲིག་ཀྲིག་ངང་ད་དུང་མཚམས་མ་བཞག་པར་བགྲོད་མི་བདེ་བའི་ལམ་ཁར་འོལ་ཚོད་ཀྱིས་ཡོང་བཞིན་མཆིས། ཁང་ཤར་གཅིག་སོང་བས་ན་ཁོང་གི་ནང་ལ་སླེབས་གྲབས་ཡོད་སའི་མཚམས་དེར་གང་ནས་བརྒྱབས་པ་ཆ་མ་མཚལ་བའི་ཏིང་སྒྲ་ཞིག་གྲགས་མ་ཐག་མིག་ལམ་དུ་ཡང་མེ་སྟག་ཅིག་སྣང་བ་དང་ལྷན་དུ་ཁ་པར་ས་ལ་ལྷུང་སོང་། དེ་མ་ཐག་གདོང་ཁེབས་བརྒྱབས་འདུག་སྙམ་པའི་མི་གསུམ་གང་བྱུང་དུ་མཆོངས་ཡོང་ནས་“རྒྱོབ་རྒྱོབ་་་་་་་་”ཞེས་འུར་སྒྲ་དང་ཆབས་ཅིག་རྒྱབ་ཕྱོགས་ནས་སག་སྒྲ་དང་ལྷན་དུ་ཁོའི་གྲོད་པར་གྲི་གཙགས་ཤིག་བྱས་པས་མོད་ལ་ཁོང་ཁ་ཐུག་ས་ལ་དགྱེལ། དེ་མ་ཐག་ཁོང་ཚང་མས་མཉམ་རུབ་ཀྱི་རྡོག་པས་གང་སར་གཞུས་པའི་ཚེ། 
ཐག་ཉེ་སར་“བེའི་བོའུ་བེའི་བོའུ་་་་་་་”ཞེས་པའི་ཉེན་རྟོག་པའི་སྒྲ་དེ་གྲགས་པ་དང་“མགྱོགས་པོར་འགྲོ་འགྲོ་་་་་”ཞེས་ལམ་སང་བྱ་འཕུར་བ་ལྟར་གར་སོང་ཆ་མེད་དུ་གྱུར་།
ཁོའི་ལུས་ཧྲིལ་བོ་སྦྲིད་ནས་ན་ཟུག་ཚོར་གྱི་མེད་ན་ཡང་རྒྱབ་ལོགས་སུ་གྲི་ཡིས་བསྣུན་ཤུལ་དུ་ཁྲག་གིས་སྟོད་ལའང་བརློན་པར་བཟོས་པ་ཚོར་སྣང་བྱུང་། ཁོས་རྨ་ཁར་ལག་པས་མནན་ཙམ་བྱས་ཏེ་སྡོད་པའི་སྐབས་སུ་ཉེན་རྟོག་པས་མཐོང་ཞིང་མྱུར་སྐྱོབས་རླངས་འཁོར་དུ་བཞག་ཅིང་སྨན་ཁང་དུ་གཤགས་བཅོས་བྱེད་པར་ཁྱེར།
ཤུལ་དུ་ལུས་བའི་སྔོ་ཚལ་དང་ཁ་པར་དག་ཉེན་རྟོག་པ་ཞིག་གིས་འགྱིག་ཤོག་ཅིག་ནང་བླུགས།
སྨན་པའི་ཁོང་གི་འབྲེལ་ཡོད་ཅིག་གིས་ཤི་གསོན་གྱི་འགན་འཁུར་དགོས་ཤིང་གཤག་བཅོས་ངེས་པར་དུ་དོ་དགོང་བྱེད་དགོས་ཞེས་ནན་བཤད་བྱས། ཉེན་རྟོག་པ་དག་གིས་ཁོང་སུ་ཡིན་དང་སུ་ཞིག་ལ་འབྲེལ་འདྲིས་བྱེད་དགོས་མ་ཤེས་མོད། དེ་སྔོན་ཁོང་ཚོར་བརྡ་རྒྱག་མཁན་ནི་ཡང་འཛོམས་ཡིན་ཞིང་མོས་ཨང་གྲངས་ཁོང་གི་ཁ་པར་གྱི་ཨང་གྲངས་རེའུ་མིག་ནང་དུ་འདུག་པས་ཁ་པར་བཏང་སྟེ།གནས་སྟངས་འགྲེལ་བརྗོད་བྱས་ཤིང་ངེས་པར་དེར་ཡོང་དགོས་ལུགས་གསལ་པར་བརྗོད། 
ཆུ་ཚོད་འགའ་ཡི་རྗེས་སུ་ཡང་འཛོམས་དེར་འབྱོར་ཞིང་ཁོང་གི་གྲོགས་པོ་ཚེ་དཔག་ཀྱང་དེར་འབྱོར་འདུག
ཚེ་དཔག་གིས་ཀྱང་ནན་གྱིས་བརྗོད་དེ་ཡང་འཇོམས་ཀྱིས་ཁག་ཐག་བྱེད་དགོས་ལུགས་ཀྱི་སྐད་ཆ་ལབ་པས་ཁོ་མོས་མཆི་མ་དང་ལྷན་དུ་མིང་རྟགས་མི་འགོད་ག་མེད་བྱུང་། དེ་བས་མོད་ལ་”མ་མཐའ་ཡང་སྒོར་ཁྲི་གཅིག་སྔོན་ནས་མ་སྤྲད་པས་ན་གཤག་བཅོས་བྱེད་ཀྱི་མེད། དེ་ནི་ང་ཚོའི་སྨན་ཁང་གི་སྒྲིག་སྲོལ་ཡིན།” སྨན་པ་རྒན་པ་དེས་དེ་ལྟར་བརྗོད།
“སྨན་པ་ལགས། སྙིང་རྗེ་ཞིག་སྒོམ་ནས་གཤེགས་བཅོས་བྱེད་རོགས། སྒོར་མོ་རྗེས་ལ་རྩིས་སྤྲོད་ངེས་ཡིན།”ཞེས་ཁོང་གཉིས་ཀྱིས་ཞུ་བ་ནན་གྱིས་བྱས།
གལ་ཏེ། “ནད་པ་འདི་དང་འདི་ལྟ་བུ་ཚང་མ་སྙིང་རྗེ་བྱེད་དགོས་ན་ང་ཚོས་སྨན་ཁང་གི་མ་རྩ་ཡང་ལེན་ཐུབ་རྒྱུ་མ་རེད།” ཅེས་ཨེམ་ཆི་ཁོས་ནད་པའི་སེམས་ཁམས་ཀྱི་ཟུར་ཙམ་ཡང་རྟོགས་ཀྱི་ཨེ་ཡོད་སྙམ་པའི་ཉམས་འགྱུར་ཞིག་དང་ལྷན་དུ་དེ་ལྟར་བརྗོད་པས་ཁོང་གཉིས་ཁུ་སིམ་སིམ་ངང་ལྷག་ཅིང་ཁོ་མོས་མཁུར་ཚོས་སྟེང་དུ་མིག་ཆུ་ག་ལེར་ཟགས།
ཏོག་ཙམ་འགོར་རྗེས་ཚེ་དཔག་གིས་སྒོར་ཁྲི་ཞིག་གཡར་ནས་ཕྱིར་སླེབས་ཀྱང་སྨན་པར་སྤྲད།
ཕ་ཡུལ་དུ་བསྡད་པའི་ཉིན་འགའི་རྗེས་སུ་ཕྱིར་སྤྱིར་རྒྱུགས་ཀྱི་མཇུག་འབྲས་ལྟ་རུ་ཡོང་། ཁོ་ཕྱིར་ཡོང་ཁར་ཨ་ཕ་རྡོ་གྲགས་ཀྱིས་ཁྱིམ་མཚེས་ཚང་ལ་ཡར་རྒྱུག་མར་རྒྱུག་བྱས་ནས་སྒོར་རྡོག་སུམ་བརྒྱ་གཡར་ཏེ་བཀྲ་ཤིས་སྐྱབས་ཀྱི་ལག་ཏུ་བཞག་ཅིང་དོན་མེད་ལ་མ་བརླག་ཅེས་ནན་བཤད་བྱས། ཁོས་དེ་ནི་རྐང་རྣམ་རྒྱབ་ཀྱི་གློ་ཁུག་ནང་བཅུག་དུས་ཁོའི་ཨ་མ་མཚོ་མོས་དེ་ནས་བརླག་འགྲོ་ཞེས་བརྗོད་པས་ན་འདུན་གྱི་སྒྲོག་གུ་ཅན་གྱི་གློ་ཁུག་ནང་དུ་བཞག་ཏུ་བཅུག
ཁོའི་ཨ་མས་ལྐོག་ནས་མོའི་སྐེ་རྒྱན་ཁོའི་ལག་ཏུ་བཞག་སྟེ་ད་ལོ་འུ་ཚང་ལ་བསྟུད་མར་ན་ཚ་འདྲ་ཡོང་བས་ན་ད་སྐབས་སྒོར་ཆད་བྱུང་བའི་དུས་ཤིག་རེད།  འདི་ཁྱེར་སོང་ནས་བཙོང་ན་སྒོར་མོ་ཉིས་སྟོང་ལྷག་ཅིག་ལ་རྗེ་ཐུབ་ངེས་ཡིན།  ཨ་ཕར་ངས་འགྲེལ་བཤད་བྱས་ཆོག་ གཅེས་ཕྲུག་ཁྱེད་ཀྱིས་སློབ་གྲྭར་སྡུག་མྱངས་ན་ཡང་ངེད་གཉིས་ཀས་སྐོར་ཞིག་ཀྱང་རྒྱག་མ་ཐུབ། འདིས་རང་ཉིད་ཀྱི་ཉོ་ན་འདོད་པ་ཞིག་ཉོས་ཨཱ།  མ་གཏོགས་ངེད་གཉིས་ལག་སྟོང་ཡིན་ཟེར་བཞིན་མིག་མདངས་ལ་སྙིང་ཉེ་བའི་འོད་ཀྱི་ཆུ་ཐིགས་ཤིག་ག་ལེར་འཚེར་བཞིན་དེ་ལྟར་བརྗོད་ཅིང་ཁོ་ལ་ཨུ་ཚུགས་བྱས།
ཁོས་ཨ་མ་མཚོ་མོའི་ལག་པའི་སེར་ག་དང་དཔྲལ་བའི་རི་མོ་དག་མཐོང་བས་མོད་ལ་ཡིད་ལ་བརྗོད་ཐབས་བྲལ་བའི་ན་ཟུག་ཅིག་བསླངས། མི་ལོའི་བཞི་བཅུ་ནི་རྒས་ཤིང་འཁོགས་པ་ཞིག་ཡིན་མི་སྲིད་ཀྱང་རང་ཉིད་ཀྱིས་ཕ་མས་དཀའ་སྡུག་མྱངས་བ་མང་དྲགས་པས་རྒས་འདུག་པ་མིག་སྔར་གསལ་པོར་མཐོང་ཡོང་དུས་ཁོས་སུ་ལ་ཞིག་ལེ་འདེད་བྱེད་དགོས་པ་ཤེས་མ་བྱུང་། གང་ལྟར། ཨ་མའི་ལག་གི་སྐེ་རྒྱན་བླངས་ཏེ་ཕྱིར་འཆམ་འཆམ་དང་བཅས་རྒྱུགས་འབྲས་ལ་ལྟ་རུ་ཡོང་།
གཟའ་ཕུར་བུ།, 03 /07/ 2014 19:03

ས་སྲོད་ཀྱི་གྲིབ་གཟུགས།

ཟིན་བྲིས་པ།
སྤྲིན་པ་སྟུག་པོའི་འོག་ཏུ་ཚེ་སྲོག་ཆད་ལ་ཁད་ཀྱི་ཞོགས་ཁའི་ཉི་མ་དམར་པོ་དེ་ཡང་སྔར་བཞིན་འཆར་ཁའི་རྩེ་རུ་འཕགས་ཤིང་ལན་རེར་མངོན་ཡང་ལན་རེར་བསྒྲིབས་བཞིན་ཤར་ཡོང་། བདེ་ལྷོད་ལྷོད་ངང་གཉིད་དུ་ཡུར་བའི་གྲོང་ཚོ་ཡང་སྤྲིན་འོག་ནས་ཤོར་བའི་ཉི་འོད་ཀྱི་ལག་ཟུང་གིས་རེ་རེ་བཞིན་མལ་ལས་བསླངས་བ་དང་མཚུངས།   བྱ་བྱེའི་སྣ་ཚོགས་ཀྱིས་སྒྲོག་བའི་སྐད་ཅོར་ནི་འདུ་འཛི་ཆེ་བའི་ཁྲོམ་ར་ཞིག་གི་ཟང་ཟིང་དྲན་དུ་འཇུག་ནུས་ལ་
ཞིང་ཁའི་རྩི་ཏོག་རེ་རེར་འཁྱུད་ཅིང་ཁྲ་རིལ་རིལ་བྱེད་པའི་ཟིལ་བ་དག་གིས་སུ་ཞིག་ལ་མྱ་ངན་གྱི་རྣམ་པ་སྟོན་གྱི་ཨེ་སྙམ་པའི་སྣང་ཚུལ་ཞིག་ཀྱང་ཅིག་ཅར་དུ་སྐྱེས་ཡོང་།
སྨུག་ལོང་གིས་བཏུམས་པའི་རྒྱབ་ཀྱི་རི་བོ་དང་མུ་མཐའ་བྲལ་བའི་མཛའ་མཐུན་གཞུང་གི་རྣམ་པ་འདི་འཇིག་རྟེན་གྱི་གྲུ་ཟུར་ཞིག་ཏུ་ལྷག་བའི་ཁེར་རྐྱང་གི་གླིང་ཕྲན་ཞིག་ཏུ་སེམས། དེའི་ལོགས་སུ་ཡོད་པའི་གངས་ཅན་སློབ་གྲྭ་ནི་རྒྱང་རིང་ནས་བལྟས་ན་རྡོ་ཚོགས་གཅུག་ཏུ་སྤུངས་བ་ལྟ་བུའི་དཀར་བང་བོང་གི་ཁང་བརྩེགས་དེ་ཡིན།
གཟའ་ཕུར་བུ།, 03 /07/ 2014 11:02

ས་སྲོད་ཀྱི་གྲིབ་གཟུགས།

ཟིན་བྲིས་པ།

ཟླ་འོད་དབེན་པའི་མཚན་མོ་ཞིག་གི་སྨག་རུམ་ཁྲོད་དུ་མི་གཟུགས་ཤིག་མཐོང་ས་རུ་མ་མཆིས་ཤིང་ཆེས་འཇིགས་ཡེར་གྱི་འགག་འཕྲང་དེའི་བགྲོད་ལམ་མི་གསལ་ཞིང་རང་ཉིད་ཀྱི་རྡོག་སྒྲས་རང་ཉིད་ལ་ཞེད་སྣང་སྔོག་པ་དང་འདྲ། མིག་སྔར་དུ་མཚམས་རེར་ནག་ཡོར་རེར་རམ་སྐབས་རེར་སྐྱ་ཐེང་ངེར་སྣང་། རྒྱང་མི་རིང་སར་ངུ་འབོད་ལྟ་བུའི་མི་སྙན་པའི་ཨག་སྐད་དག་གིས་སྙིང་ལ་ཟུག་གཟེར་སྦྱིན་ནུས། ཁོས་རང་ཉིད་རང་གང་དུ་བགྲོད་པ་མི་རྟོགས་ཤིང་ཇི་ལྟར་བགྲོད་པའི་བློ་ཞིག་ཀྱང་རྦད་དེ་མ་རྙེད། འཇིགས་སྣང་གི་མཚན་ལྗོངས་དེའི་ཁྲོད་དུ་མིག་གིས་ཡར་ལྟ་མར་ལྟ་བྱེད་ཀྱིན་གོམ་ཁ་རེ་རེ་མདུན་དུ་སྤོས།

སྨག་རུམ་སྟུག་དྲགས་པས་ཁོའི་ལག་གི་གློག་གཞུ་ཆུང་ཆུང་དེས་རྡོག་ལམ་ཡང་གསལ་ལ་མི་གསལ་ཞིག་ཏུ་སྣང་།

 

གློ་བུར་དུ་སླེབས་པའི་ཅེ་སྤྱང་ཚོགས་ཤིག་གིས་ཁོང་གི་བགྲོད་ལམ་བཀག་བྱུང་། མིག་ནང་དུ་འོད་ཞགས་འཕྲོ་ཞིང་། འདོད་རྔམ་གྱི་ལྕེ་ལེ་འགུལ་བཞིན་བསྐོར་རྒྱུག་བྱེད།  ཁོའི་མགོ་ཡི་སྐྲ་ཞོགས་པ་ལྟ་བུའི་ཚོར་སྣང་སྐྱེན་པོ་ཞིག་གིས་རེ་ཞིག་ལྷག འོན་ཏང་། ལག་གི་གློག་གཞུ་དེའི་རྐྱེན་གྱིས་ཚུར་ལ་སླེབས་མ་ནུས།  སྤྱང་ཚོགས་ཀྱིས་གཡས་གཡོན་མདུན་རྒྱབ་གང་དུ་བསྐོར་ཞིང་ཟུག་རྔུ་འདོན་བས་ཁོ་ཡིས་གློག་གཞུ་ངར་ཤུགས་སྒྲོག་པའི་སྤྱང་ཀི་རེ་རེའི་མིག་ནང་བཀར་ཞིང་འཚུབ་ཆ་ལངས། ཁོས་སྙིང་གི་འཕར་སྒྲའི་མགྱོགས་ཚད་རང་ཉིད་ཀྱིས་ཐོས་པ་ཞིག་ཏུ་སྣང་།

ཐོག་མ།སྔ་མ།123རྗེས་མ།མཐའ་མ།
ཤོག་ངོས་རྗེས་མ་དག་ཀློགས།