གསར་སྤེལ་ཟིན་བྲིས།

 དཔྱད་རྩོམ།

དཔྱད་རྩོམ། (44)

བོད་ཀྱི་བདག་དབང་ཤོར་བའི་མིང་རྟགས།
གཟའ་མིག་དམར།, 22 /04/ 2014 13:56

སུ་བྷ་བཀླགས་པའི་མྱོང་བ།

ཟིན་བྲིས་པ།
                                      སུ་བྷ་བཀླགས་པའི་མྱོང་བ།
དང་པོ། སུ་བྷའི་རྣམ་འགྱུར་གྱི་བརྡ་ཐབས་དང་ཁེར་རྐྱང་དུ་ལུས་པའི་སྡུག་བསྔལ།
སུ་བྷ་ནི་སྐྱེས་མ་ཉིད་ནས་ལྐུགས་པར་སོང་བའི་བུ་མོ་མཛེས་མ་ཞིག་ཡིན་པར་གོར་མ་ཆག  ཁོ་མོ་ལྐུགས་མ་ཞིག་ཡིན་པས་རང་ཉིད་ཀྱི་རང་ཉིད་ལའང་མཐོང་ཆུང་བྱེད། ཁོ་མོས་ནམ་ཡིན་ཡང་རང་ཉིད་ཁེར་རྐྱང་དུ་འགྲོ་བ་དང་ཁེར་རྐྱང་དུ་གནས་ཐབས་བྱེད། ཡིན་ནའང་།  ཕ་མ་གཉིས་ཀྱིས་འདི་ལྟར་སེམས་ཁྲལ་བྱེད་པས་ཁེར་རྐྱང་དུ་བསྡད་པས་སྐྱོ་སྡུག་སེལ་སླ་བ་ཞིག་ག་ལ་ཡོད། སུ་བྷའི་སེམས་ལ་བཤད་འདོད་པའི་གནས་དོན་ཞིག་ཤར་ཚེ། སུ་བྷས་ཁ་མོག་མོག་གིས་ལག་པ་དང་ལུས་ཀྱི་རྣམ་འགྱུར་བརྡ་སྤྲད་བཞིན་ཡོད། འོན་ཀྱང་དེ་ལས་ལྡོག་ཏེ་སྐབས་རེ་སུ་བྷའི་ལག་པ་དང་ལུས་ཀྱི་རྣམ་འགྱུར་གྱི་བརྡ་ཐབས་གོ་ལོག་དུ་འགྲོ་བ་མང་། སུ་བྷ་དབང་པོ་སྐྱོན་ཅན་ཞིག་ཞིག་པས་རང་ཉིད་གཞན་གྱི་མདུན་ནས་མགོ་ཡར་འདེགས་མི་ཐུབ། འཇིག་རྟེན་ཁམས་ཀྱི་མི་རྣམས་ལ་ཁོ་མོས་བཤད་ཐུབ་པའི་མིག་ཟུང་གཉིས་དང་རྣམ་འགྱུར་གྱི་བརྡ་ཐབས་དེ་ཡིན། ཁོ་མོ་ཁེར་རྐྱང་དུ་བསྡད་དོན་གཙོ་བོ་ནི་སུ་ཞིག་གི་ཁོ་མོའི་སེམས་ཁམས་ཀྱི་སྐད་ཆ་མི་ཤེས་པས་རེད། ཁོ་མོས་འཇིག་རྟེན་ནང་ཡིད་ཀྱི་བདེ་སྡུག་སྣ་ཚོགས་གླེང་ནའང་སུས་ཉན། ཁོ་མོའི་སེམས་ནང་མཐོ་དམའ་ཡོད་པའི་འོད་དང་མུན་ནག་འདྲ་བའི་གནད་དོན་དེ་སུས་ཤེེས། གྲོགས་པོ་དང་གྲོགས་མོ་རྣམས་ལ་ཁོ་མོས་ནམ་མཁའ་ལྟར་རྒྱ་ཆེ་བའི་སྐད་ཆ་དང་རྒྱ་མཚོ་ལྟར་དོན་ཟབ་པའི་གནས་དོན་ཞིག་བཤད་བསམ་ཀྱང་།  ཁོ་མོ་དང་བར་ཐག་ཆེས་ཉེ་ཤོས་ནི་མུན་ནག་གི་རང་བྱུང་ཁམས་འདི་གཅིག་པུ་ལས་མེད་པ་སུས་ཚོར་ཐུབ། མདོར་ན་རང་བྱུང་ཚན་པ་དང་པོ་དེས་ཁོ་མོ་དང་རང་བྱུང་ཁམས་གཉིས་ཀྱི་འབྲེལ་བ་བརྒྱུད་རང་བྱུང་ཁམས་ཆེན་མོ་དང་། ཁོ་མོའི་སེམས་ཁམས་ཀྱི་འཇིག་རྟེན་དེ་ཞིབ་འབྲི་བྱས་ཡོད།
གཉིས་པ། རང་བྱུང་ཁམས་ལས་མངོན་པའི་སུ་བྷའི་གྲོགས་མོ་ལྐུགས་མ་གཉིས།
རྩ་ཕུང་གིས་བཟོས་པའི་ཆུ་བོའི་ཉེ་འགྲམ་གྱི་ཁང་ཁྱིམ་གཅིག་གི་ནང་སུ་བྷའི་མི་ཚེ་སྐྱེལ་བཞིན་ཡོད། ནམ་རྒྱུན་དེའི་འགྲམ་གྱི་གྲུ་བ་དང་ཉ་པ་ཚོས་ཀྱང་ཁོ་མོའི་རྩ་ཕུང་གི་ཁང་པ་གཅིག་པུར་མཐོང་ཞིང་།  ཁོ་མོ་འཇིག་རྟེན་འདིའི་ནང་ཡོད་པ་དོ་སྣང་བྱེད་མཁན་ཧ་ལམ་མེད་པར་གསལ་བོར་བསྟན་ཡོད། ཁོ་མོས་ཙག་ཙིག་གི་ལས་ཀར་གཞོལ་ཚར་རྗེས་རྩ་ཕུང་ནས་ཕྱིར་ཐོན་འོང་གི་ཡོད། དེའི་རྒྱུ་མཚན་ནི་ཆུ་འགྲམ་གྱི་རང་བྱུང་ཁམས་ཀྱིས་ཁོ་མོ་ལ་ཆེས་སེམས་གསོ་ཡག་ཤོས་བྱེད་པ་མཚོན། ཆུ་འགྲམ་དུ་ལྷུང་ལྷུང་དུ་བབས་པའི་ཆུ་མོ་དང་། ལྗོན་འདབ་རྣམས་རླུང་གིས་གཡོ་བའི་ཤུར་སྒྲ་དང་། ཉ་པ་ཚོས་གླུ་ལེན་པ་དེས་ཁོ་མོ་འཇིག་རྟེན་ཁམས་ནང་ཚུད་ཐུབ་པར་རོགས་རམ་བྱེད། ཉིན་གུང་ཚ་གདུགས་ཆེ་བའི་སྐབས་སུ། ལྗོན་པའི་རྩེ་མོ་ན་འདབས་ཆགས་ཚོགས་ཀྱང་ངལ་གསོས་པ་དང་། གྲུ་བ་དང་ཉ་པ་རྣམས་ཀྱང་བསིལ་གྲིབ་ཀྱི་འོག་ལ་ངལ་གསོས་ཤིང་ཟས་ལ་སྤྱོད་པ་དང་། འགྲིམ་འགྲུལ་རྣམས་ཀྱི་གྲུ་གཟིངས་ཡང་སྟོང་ལྷང་ངེར་གནས་པ་དང་།  རང་བྱུང་ཁམས་དང་སུ་བྷ་གཉིས་ལྷན་གཅིག་ཏུ་ཉི་འོད་དང་ལྗོན་པ་བཞིན་ཕན་ཚུན་གཅིག་གིས་གཅིག་ལ་བརྟེན་པ་དེས།  སུ་བྷ་འཇིག་རྟེན་ཁམས་ན་ཕེབས་སུ་བཞུ་མཁན་ནི་རང་བྱུང་ཁམས་གཅིག་པུ་ཡིན་པར་མཚོན་གྱི་ཡོད།  སུ་བྷ་ལ་ཆེས་སྙིང་ཉེ་བའི་གྲོགས་གཉིས་ཡོད་པ་ནི་ཕྱུགས་རྭའི་ནང་བ་མོ་གཉིས་ཡིན།  ཕྱུགས་རྭའི་ནང་གི་བ་མོ་གཉིས་དེས་མོའི་རྐང་པའི་སིལ་སྒྲ་དེ་ཡང་རྒྱུས་ལོན་ཐུབ་པར་བལྟས་ན། འཇིག་རྟེན་འདིའི་ནང་ཁོ་མོ་རྒྱུས་ལོན་ཆེ་ཤོས་ནི་བ་མོ་དེ་གཉིས་ཡིན་པར་གསལ་བོར་མཚོན་ཡོད་པ་མ་ཟད། ཁོང་ཚོས་སུ་བྷ་མིའི་སྤྱི་ཚོགས་ནས་བར་ཐག་ཆེན་པོ་ཞིག་བཞག་ཡོད་པ་གསལ་བོར་བརྗོད་ཐུབ། སུ་བྷ་ལ་སྐད་ཆ་བཤད་མི་ཐུབ་པའི་བ་མོ་དེ་གཉིས་ཀྱི་རྭ་ཡིས་འཇམ་མཉེན་གྱི་ལག་པར་རེག་པར་བལྟས་ན། མོའི་ཉེ་འཁོར་ན་ཆེས་ཐག་ཉེ་ཤོས་ཀྱི་སེམས་ལྡན་བ་མོ་དེ་གཉིས་མ་གཏོགས་མི་སུ་ཡང་མེད་པ་ཤེས་ཐུབ།
གསུམ་པ། སུ་བྷ་དང་འཕྲད་པའི་ཀུ་སད་ཚང་གི་བུ་ཆུང་ཤོས་ཕུ་ལ་རྟ་ཕུའི་འཇིག་རྟེན་གྱི་ཁེར་ལབ།
ཀུང་སད་ཚང་གི་བུ་ཆུང་ཤོས་ཕུ་ལ་རྟ་ཕུ་ནི་ཉ་འཛིན་རྒྱུར་ཧ་ཅང་དགའ་མཁན་ཞིག་རེད། ཁོ་བོ་ནི་ཆུང་ཆུང་ནས་ཕ་མ་ཡིད་ཐང་ཆད་ནས་བདག་མེད་དུ་བཞག་པའི་དྭ་ཕྲུག་ལྟ་བུ་ཞིག་ཡིན། ཕུ་ལ་རྟ་ཕུ་སུ་བྷའི་ཆུ་རྫིང་འགྲམ་ན་ཉ་འཛིན་པར་ཡོང་བ་ནས་བཟུང་སྟེ། སུ་བྷ་ལ་སེམས་ཐག་ཉེ་བའི་མི་ཞིག་གཞི་ནས་བྱུང་ཡོད་པ་རེད། ཕུ་ལ་རྟ་ཕུས་རྟགས་པར་ཁེར་ལབ་བྱེད་པར་བལྟས་ན་ཁོ་ལའང་སྨྲ་མི་ཤེས་བའི་གྲོགས་ཤིག་རེ། དེའི་རྒྱུ་མཚན་ནི་ཉ་འཛིན་པར་ཁུ་སིམ་སིམ་གནས་དགོས་པ་ཙམ་མ་ཡིན་པར་རང་ཉིད་ཀྱང་ཁེར་རྐྱང་དུ་བསྡད་འདོད་མེད་པ་དེ་ཡིན། ཁོས་སུ་བྷ་ལ་ཡིད་རངས་ཀྱི་བློ་བསྟན་སྟངས་དེར་བལྟས་ན་ཚེ་གྲོགས་བྱེད་འདོད་ཡོད་པ་མངོན། སུ་བྷས་ཀྱང་ཁོ་བོ་འཇིག་རྟེན་འདིར་ཡོང་བ་ནི་སུ་བྷ་རང་ཉིད་ཀྱི་ཆེད་དུ་ཡིན་པར་ཁེར་ལབ་བྱེད་ལ།  གལ་ཏེ་རང་ཉིད་ཀླུ་མོ་ཞིག་ཡིན་ན་ཁོ་མོས་ཀླུ་རྒྱལ་གྱི་གཙུག་ནོར་ཁྱེར་ནས་ཆུ་ངོགས་སུ་ག་ལེར་ཐོན་ཐུབ་པ་བྱེད་རྒྱུ་དང་། ཕུ་ལ་རྟས་ཁོ་མོའི་གདོང་རིག་མ་ཐག་ཁོ་མོ་ཡང་ཆུ་ཤེལ་གྱི་ཕོ་བྲང་ནང་དུ་བསྐྱོད་དེ། པཱ་ཉི་ཁང་ཏཱ་ཚང་གི་བུ་མོ་སུ་བྷ་ང་དང་ཀུང་སད་ཚང་གི་བུ་ཕུ་ལ་རྟ་གཉིས་གསེར་དངུལ་གྱི་ཕོ་བྲང་ནས་བཞུགས་ཐུབ་པའི་སྟོང་བསམ་ཡང་བྱས། ཡང་ཁེར་ལབ་བསྒྱུར་ཞིང་དེ་ལྟར་ཞིག་སྒྲུབ་ཐུབ་རྒྱུ་མེད་པའི་རེ་ཐག་བཅད་ཞིང་ཡང་བསྐྱར་འདི་ལྟར་བཤད། པཱ་ཉི་ཁང་གི་བུ་མོ་སུ་བྷ་ང་སྐྱེས་པ་ཉིད་ན་ལྐུག་མ་ཞིག་ལས་ཀླུ་རིགས་སུ་ག་ལ་སྐྱེ་ཐུབ་ཞེས་བཤད། འཇིག་རྟེན་འདིའི་ནང་ཁོ་མོ་ལ་རེ་བ་དང་པོ་སྟོན་མཁན་ནི་ཕུ་ལ་རྟ་ཕུ་ཁོ་ན་ཡིན། ཁོ་མོའི་ཕུགས་བསམ་གྱི་ཆེད་དུ་སྐད་ཆ་དང་པོ་བཤད་མཁན་དེ་ཡང་ཕུ་ལ་རྟ་ཕུ་ཡིན། ཁོ་མོས་ཀྱང་ཁོ་ནི་མོའི་སེམས་ནང་ལ་འགྱུར་ལྡོག་ཆེ་ཤོས་བསྐྲུན་མཁན་ཞིག་ཡིན་ཞེས་མ་བཤད་ནའང་།  ང་ཚོས་ཁོ་མོའི་སེམས་ནང་གི་སྐད་ཆའི་མཇུག་དེ་ནས་གསལ་བོར་ཤེས་ཐུབ་བོ།
བཞི་པ། གོམས་སྲོལ་གྱི་དབང་དུ་འགྲོ་བའི་སུ་བྷ་དང་ཁོ་མོའི་མག་པ་གཉིས་ཀྱི་འཚོ་བ།
གྲོང་སྡེའི་མི་མང་ཚོས་ཀྱང་སུ་བྷའི་ཕ་མ་གཉིས་ལ་ཁ་རྡུང་བྱས་སྟབས། ཕ་མ་གཉིས་ཀྱི་པཱ་ཉི་ཁང་ཏཱའི་གྲོང་ཚོར་འཚོ་བ་ཇི་ལྟར་འཛོམས་པོ་ཡོད་ནའང་། གནས་སྐབས་ཆ་རྒྱུས་མེད་པའི་ཀ་ལི་ཀ་ཏ་ལ་གནས་སྤོས་བྱེད་པ་དང་མཚུངས། སུ་བྷ་བུ་མནའ་མར་སྤྲད་ནས་ཕྱིར་ཕྲང་ཏི་ཧྤུ་ལ་ལོག་རྒྱུ་བྱས་ཡོད། ཡིན་ནའང་སུ་བྷས་ཀ་ལི་ཀ་ཏ་ལ་སྤོ་རྒྱུའི་སྟ་གོན་བྱེད་པ་ཙམ་ལས་ཅི་ཡང་ཤེས་ཀྱི་མེད། ཨ་ཕའི་མདུན་དུ་པུས་མོ་ས་ལ་བཙུགས་ནས་བྲལ་འདོད་མེད་པའི་སྐད་ཆ་བཤད་ཀྱང་ཁ་ཕྲལ་དགོས་བྱུང་། མགྲིན་པ་གནོངས་ཤིང་སེམས་ལ་ན་ཟུག་ཆེ་བ་ནི་ཆེས་དགའ་ཤོས་ཀྱི་བ་མོ་གཉིས་དང་ཁ་བྲལ་འགྲོ་བ་དེ་རེད། ཚེས་བཅུའི་དགོང་མོར་ཁོ་མོས་ད་བར་དུ་རང་དང་ཁ་ཐག་ཉེ་ཤོས་ཀྱི་ཆུ་རྫིང་དེ་དང་རང་བྱུང་གི་སྐྱེ་དངོས་ལ་མཚམས་འདྲི་བྱས་སྟེ་ཕྱིན་ཡོད། ཀ་ལི་ཀ་ཏའི་སྡོད་ཁང་ཞིག་ནས་ཨ་མས་སུ་བྷའི་སྐྲ་ལ་ལན་བུ་བསླས་ཤིང་མཛེས་རྒྱན་ལེགས་པར་སྤྲས་ནའང་།  སུ་བྷས་ད་དུང་ཡང་མིག་ཆུ་ཤམ་ཤམ་གྱི་ངུ་བར་བལྟས་ན་དེ་ནི་གོམས་སྲོལ་ཞིག་ལས་མོ་ལ་རང་དབང་མེད་པ་ཤེས་ཐུབ། མག་པའི་ཡིད་ལ་འཁོར་བའི་སླད་ང་ལའང་དེ་ལྟར་བྱེད་རྒྱུ་རེད་ཟེར་བའི་སྐད་ཆ་དེར་བསམ་གཞིགས་བྱས་ན། ཁོས་སུ་བྷ་དང་མཉམ་དུ་ཡུན་རིང་བསྡད་རྒྱུ་མིན་པར་གསལ་བོར་བཤད་ཡོད་པ་རེད། སུ་བྷའི་ཨ་མ་ཕྱིར་རང་ཡུལ་དུ་ལོག་པའི་རྗེས་ལ་སུ་བྷ་ཁེར་རྐྱང་དུ་གནས་ཡོད། མག་པས་སུ་བྷ་ལྐུགས་མ་ཞིག་ཡིན་པ་ཤེས་རྗེས་ཕྱིར་རང་གི་ལས་ཡུལ་ནུབ་ཕྱོགས་སུ་ལོག་ནས། ཡུན་རིང་མ་སོང་བར་ཁོས་བག་མ་སྨྲ་ཤེས་མཁན་བླངས་ཟིན། སུ་བྷའི་སེམས་ནང་གནས་ཚུལ་དེ་ཚོར་འགྲེལ་བཤད་ཞིག་བྱས་ཀྱང་ཉན་མཁན་སུ་ཞིག་ཡོད། སུ་བྷས་སེམས་སྡུག་ཆེན་པོས་ཁུ་སིམ་སིམ་གྱིས་ངུ་བ་དེ་སུས་ཤེས་ཐུབ། སུ་བྷ་འཇིག་རྟེན་ནང་འདི་ལྟར་གྱི་དཀའ་སྡུག་ཅིག་ཡོད་པ་ཁོང་ཚོས་མ་ཤེས་པ་ཡིན་ནམ། ཡང་ན། ཁོང་ཚོས་ཤེས་བཞིན་དུ་སྣང་ཆུང་བྱེད་པ་ཞིག་ཡིན་ནམ། སུ་བྷ་འདི་ལྟར་གྱི་འཇོན་ཐང་མེད་པའི་མེ་ཏོག་མ་ཞིག་ཡིན་ནམ།
ལྔ་བ།  མཇུག་བསྡུ་བ།
སུ་བྷ་ཅེས་པའི་བསྒྱུར་རྩོམ་དེ་བཀླགས་པའི་མྱོང་རོལ་ལ། གནས་ཚུལ་མང་པོ་ཞིག་གཞན་དབང་སྟབས་བསྟུན་དུ་འགྲོ་བ་ཤེས། གལ་ཏེ་སུ་བྷ་ཟེར་བའི་བུ་མོ་ལྐུགས་མ་རང་ཉིད་ཡིན་ན། ངས་འདི་ནས་སླར་ཡང་རང་ཉིད་ཀྱི་ལས་དབང་ལ་འགྲེལ་བཤད་ཞིག་བྱེད་པའི་ཆེད། རང་དང་སེམས་ཐག་ཉེ་བའི་ཁྱོ་བོ་ལོན་པ་ཞིག་འཚོལ་བར་ཐབས་ཤེས་བྱེད་ངེས། སྤྱིར་ང་རང་སྲོལ་རྒྱུན་གྱི་གོམས་སྲོལ་ཞིག་གི་འོག་དུ་སོང་ནའང་། ངས་རང་ཉིད་འཇིག་རྟེན་ནང་གསོན་པའི་བར་ནས་འདི་ལྟར་གྱི་གདམས་ག་འཚོལ་རྒྱུ་ཡིན། དེའི་རྒྱུ་མཚན་ནི་ཁོས་ངའི་བརྡ་ཐབས་ལ་བསམ་གཞིགས་བྱེད་པ་ལས་མཐོང་ཆུང་མི་བྱེད་པ་དེ་ཡིན་ལ། རང་བྱུང་ཁམས་ཀྱི་གནས་དོན་མི་རྟོགས་པའི་མི་ལྐུགས་པ་དེ་ཚོར། ངའི་ལས་དབང་བསྐྱར་བཤད་ཞིག་བྱེད་ཐུབ་པའི་རེ་བ་བཅངས་ཤིང་ཡོད། ང་ལྐུགས་པ་ཞིག་ཁུ་སིམ་སིམ་གྱིས་འཇིག་རྟེན་འདི་ནས་འགྲོ་འདོད་མེད་པའང་གཅིག་ཡིན།
                                                                                                        སྨྲ་བའི་ཟེའུ་འབྲུ།



                                                                                                                                                         

      ༼མི་སྒེར་བུས་གསར་གཏོད་སྤེལ་ཆོག་ཀྱང་། མངོན་སུམ་གྱི་བོད་ལ་ཕན་ཐོགས་ཡོད་པ་ཞིག་དགོས་གལ་ཆེའོ།༽

དང་པོ།   ཐོག་མར་གསར་གཏོད་ཀྱི་ལམ་སྲོལ་གསར་གཏོད་ཀྱི་འགྲེལ་བཤད་ཞིག་བྱེད་ཀྱི་ཡིན།
ངས་༼   མི་སྒེར་བུས་གསར་གཏོད་སྤེལ་ཆོག་ཀྱང་། མངོན་སུམ་གྱི་བོད་ལ་ཕན་ཐོགས་ཡོད་པ་ཞིག་དགོས་གལ་ཆེའོ། ༽ཞེས་པ་འདི་འབྲི་དོན་གཙོ་བོ་ནི་བོད་མིའི་སྤྱི་ཚོགས་གསར་བའི་ནང་ཕུ་ནུ་གཉིས་ཀྱིས་གསར་གཏོད་བྱ་བ་ཞིག་རྒྱུན་མཐུད་སྟངས་སྐོར་ཕྱི་གསལ་ནང་གསལ་ཙམ་ཞིག་བྲིས་བ་ལས། ངས་འདིར་གསར་གཏོད་ཀྱི་ལམ་གསར་པ་ཞིག་ངོ་སྤྲོད་བྱེད་རྒྱུ་མེད་ལ། རྣམ་དཔྱོད་ཡོད་མཁན་ཚོས་ཀྱང་དེར་དགག་པ་བྱེད་ས་དེ་བས་མེད། ཡིན་ན་ཡང་བརྗོད་དོན་གཙོ་བོ་ཅི་ཞིག་རེད་ཟེར་ན། ང་ཚོའི་གསར་གཏོད་ལ་ཕྱི་མི་ཞིག་གི་འགག་སྒྲུབ་བྱེད་པ་མིན་ལ། ང་ཚོའི་གསར་གཏོད་ལ་ང་ཚོས་གྱེན་ལོག་དང་རྩོད་འགག་བྱེད་པ་དེ་ཡིན། ངས་ནམ་རྒྱུན་དུ་གསར་གཏོད་ཀྱི་བྱ་བ་ནི་བག་ཕེབས་ཀྱི་འཛུག་བསྐྲུན་ཞིག་རེད་བསམ་གྱི་ཡོད། ལུང་པ་ཤོར་སོང་བ་དང་འཇིགས་སྣང་གི་ལམ་ཞིག་ནས་ད་དུང་གསར་གཏོད་ཞིག་རྙེད་ཀྱི་ཡོད་པ་ངས་དྲན་གྱི་མེད། གལ་ཏེ། གསར་གཏོད་ཞིག་སྤེལ་བའི་དབང་དུ་བྱས་ཀྱང་དེར་གྲུབ་འབྲས་མེད། གསར་གཏོད་ནི་རྒྱལ་ཁབ་ཡར་རྒྱས་ཕྱིན་པ་དང་བདེ་འཇགས་ཡོད་མཁན་ཚོའི་སྙིང་སྟོབས་ཞིག་རེད། འོ་ན་ཅི་ཞིག་ལ་གསར་གཏོད་ཀྱི་སྙིང་སྟོབས་ཟེར་རམ། མིའི་སྤྱི་ཚོགས་གོང་འཕེལ་དང་ནུས་ཤུགས་གཅིག་སྒྲིལ་ཅན་ཞིག་སྤེལ་བར་གསར་གཏོད་ཟེར། ང་ཚོའི་སྤྱི་ཚོགས་ནང་ང་རྒྱལ་དང་ཕྲག་དོག་གིས་ནུས་ཤུགས་གཅིག་སྒྲིལ་མེད། ས་པཎ་གྱིས་གསུངས་པ་ལྟར། “མཁས་པ་རང་གི་ཡུལ་ལས་ཀྱང་། ། རྒྱལ་ཁབ་གཞན་དུ་མཆོད་པ་ཐོབ། ། ནོར་བུ་གཞན་དུ་བྲིན་པ་ཙམ། ། རྒྱ་མཚོའི་ནང་དུ་ག་ལ་བྲིན། །”ཞེས་པ་ལྟར།  རང་གི་མཁས་པས་རང་གི་ས་ཆ་ནས་ཕན་མི་ཐོགས་པ་དང་། ས་ཆ་གཞན་ཞིག་ལ་སོང་ན་ཕན་ཐོགས་པ་ཡོང་གི་ཡོད། དེའི་རྒྱུ་མཚན་ཅི་ཞིག་རེད་ཟེར་ན། ས་ཆ་དེར་རྒྱབ་སྐྱོར་བྱེད་མཁན་ཡོད་སོང་བས་མ་རེད། ས་ཆར་བསྡད་དུས་མཁས་པ་དང་བསམ་བློ་བ། ཆེད་ལས་པ་རྣམས་ལ་ང་རྒྱལ་དང་ཕྲ་དོག་བྱེད་མཁན་མེད་སོང་བས་རེད། དེ་བས་བོད་ཁྱིམ་ནང་གསར་གཏོད་ཟེར་བ་ཞིག་དེ་བས་རྨི་ལམ་རེད། དུས་རབས་འདིར་གསར་གཏོད་ཞིག་དགོས་ཀྱང་དགོས་ལ་སྲོལ་རྒྱུན་དེ་ཡང་སྲུང་དགོས། གསར་གཏོད་ཀྱི་སྙིང་སྟོབས་ནི་རྒྱལ་ཁབ་ཡར་རྒྱས་སུ་འགྲོ་བའི་རྒྱལ་མཚན་ཡིན། དེའི་ཕྱིར། མདའ་མོ་ཚང་གིས་གསར་གཏོད་ཅན་གྱི་མི་ལ་ཚང་དགོས་པའི་ཁྱད་ཆོས་བཅུ་གཉིས་བཤད་པ་འདི་ལྟར་། རང་སྟོབས་རང་སྤེལ་གྱི་བློ་སྟོབས་ཡོད་པ་དང་། ཤེས་བྱ་ཡོན་ཏན་སྦྱངས་བརྩོན་ཆེ་བ། ཧུར་ཐག་གིས་ཡར་རྒྱས་ཡོང་རེ་བྱེད་པ་བཅས་གཅིག  གོ་བ་གཏིང་ཟབ་ལེན་རྒྱུར་ཚོར་ཤུགས་ཆེ་བ་དང་། ཁོར་ཡུག་ལ་མྱོང་ཚོར་ཆེན་པོ་ཡོད་པ་གཉིས། སྐབས་བསྟུན་བསྒྱུར་བཅོས་གཏོང་ཕོད་པའི་རང་གཤིས་ཡོད་པ་དང་། བསམ་བློ་གཏོང་རྒྱ་ཆེ་ཞིང་། གཅིག་ཤེས་ཀུན་གྲོལ་བྱེད་མཁས་པ་གསུམ། དོགས་གཅོད་ཀྱི་ཤེས་རབ་ཡོད་པ་དང་། བཤད་ཚད་ལ་ཡིད་ཆེས་མི་བྱེད་པར་བློ་ཁོག་ཆེན་པོས་དྲི་བ་འདོན་ཕོད་པ། སྤྱིར་བཏང་གི་འདུ་ཤེས་བཅིང་རྒྱ་ལས་གྲོལ་ཕོད་པ་བཞི། ལྟ་བ་དང་བྱེད་སྟངས་ཐུན་མོང་མ་ཡིན་པ། རྙིང་བསྐྱུར་གསར་ལེན་བྱེད་ཕོད་པ། གསར་གཏོད་ཀྱི་རང་བཞིན་ལྡན་པ་ལྔ་པ། རང་ཚུགས་ཡོད་པ་དང་། གཞན་བརྟེན་གྱི་བསམ་བློ་ཉུང་བ། གཞན་གྱི་ཟེར་རྗེས་སུ་མི་འབྲངས་བ་དྲུག རང་གིས་རང་ལ་གདེང་ཚོད་ཡོད་པ་དང་། རང་གིས་བྱས་པའི་གྲུབ་འབྲས་ལ་ཡིད་ཆེས་ཡོད་པ། བཀག་འགོག་དང་དམའ་འབེབས་འཁེལ་ནའང་བསམ་བློ་མི་འགྱུར་བ་བདུན། མཇུག་སྐྱོང་བྱ་རྒྱུའི་སེམས་ཤུགས་ཡོད་པ། ཐེངས་བརྒྱར་ཕམ་ཡང་ཡིད་ཐང་མི་ཆད་པར་སྔར་ལས་ལྷག་པས་སེམས་ཤུགས་ཆེ་རུ་འགྲོ་བ་བརྒྱད། ལྟ་གྲུབ་གཟུགས་བརྙན་གང་ཡིན་རུང་། གཅིག་ལ་གཅིག་བརྟེན་གྱིས་འཆར་སྒོ་མང་པོ་རྙེད་ཐུབ་པ་དགུ། བསམ་བློ་ཞིབ་ཏུ་བཏང་ནས་འབྲས་བུ་ཕུན་སུམ་ཚོགས་པ་ལེན་མཁས་པོ་ཡོད་པ་བཅུ། སྣང་བ་སྐྱིད་པོ་ཡོད་པ་དང་། སྣང་བ་སྐྱིད་པོའི་གཤིས་ཀ་འཇགས་ན་གཞན་གྱིས་ཟུར་ཟ་དང་མཐོང་ཆུང་ག་ཚོད་བྱས་ཀྱང་རང་གི་བསམ་ཚུལ་དང་། གསར་གཏོད་བྱེད་པར་བར་ཆད་མི་ཡོང་བ་བཅིུག ངར་ཤུགས་ཆེ་བ། འཚོལ་ཞིབ་བྱེད་པའི་བྱ་བར་ཞུགས་སྐབས་ངེས་པར་དུ་ཉེན་ཁ་དང་། དཀའ་སྡུག་ལ་མི་འཛེམས་པའི་དཔའ་སྟོབས་ཡོད་པ་བཅུ་གཉིས། དེ་ཚོ་ནི་བྱེད་ཕོད་པ་དང་བསམ་ཕོད་པ་བཅས་ཀྱི་དོན་ཚན་བཅུ་གཉིས་བཤད་ཀྱང་། རྙིང་བསྐྱུར་གསར་ལེན་ཕོད་པ་ཞིག་དགོས་ཟེར་བ་དེ་རྩ་བ་བོར་ནས་ཡལ་ག་བཟུང་བ་རེད། མི་རིགས་གང་འདྲ་ཞིག་ཡིན་ནའང་འདྲ། མི་རིགས་དེ་ཉིད་ཀྱིས་རང་གི་སྲོལ་རྒྱུན་གྱི་རིགས་གནས་ལ་མཐོང་ཆུང་བྱེད་རྒྱུའི་མགོ་བརྩམས་པ་ནས་བཟུང་སྟེ། དེ་ནས་མི་རིགས་དེའི་སྐད་ཡིག་ཉམས་པའི་མགོ་བརྩམས་པ་ཡིན། ལྷག་པར་དུ་མི་རིགས་དེ་ཉིད་ཀྱི་ཡི་གེ་དེ་ཉམས་ཆགས་སུ་འགྲོ་རྒྱུ་དང་།  ཉེན་ཁ་ཅན་དུ་འགྱུར་རྒྱུ་དང་། འགྲོ་བ་མིའི་རིགས་ཀྱི་ནང་ནས་རྩ་མེད་དུ་འགྲོ་རྒྱུའི་མགོ་བརྩམས་པ་རེད་ཅེས།  སློབ་གསོ་དང་། ཚན་རིག་དང་། རིག་གནས་གསུམ་གྱི་རྩ་འཛུག་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གསལ་བསྒྲགས་བྱས་ཡོད། ལུའུ་ཞུན་གྱིས་ཀྱང་། “ཉམས་རྒུད་བརྒྱ་སྟོང་ཁྲི་འབུམ་ལས། ། མི་རིགས་ཉམས་པ་བཟོད་པ་དཀའ། །” ཞེས་བཤད་ཡོད། ཁྱོད་ཚོས་དཔེ་ཀློག་རྗེས་ཟིན་ན་དེ་ཚོའི་སྐོར་རིམ་གྱིས་ཤེས་རྒྱུ་ཞིག་རེད། ངས་འདིར་ལག་བདེ་པོ་བྱས་ནས་མང་པོ་མི་འབྲི།
གཉིས།  ཐོག་མར་བོད་ཕྱི་ནང་གཉིས་ཀྱི་གསར་གཏོད་ལ་མིག་རབ་རིབ་དང་ཁ་ཡབ་ཡབ་ཙམ་བྱས་པ་ཡིན།
སྤྱི་ལོ་ཉིས་སྟོང་ལྔ་ལོའི་ཟླ་བ་བརྒྱད་པར་ང་འདིར་འབྱོར། ཕ་ས་བསྐྱུར་བའི་བྱེས་ཀྱི་འཚོ་བ་སྐབས་དེ་ནས་ཟིན། སྐྱབས་བཅོལ་ཟེར་བ་དེ་ཡང་ངའི་མིང་ཟུར་དུ་གནས། ཐོག་མར་སྣ་བ་ཐེར་ཐེར་ཞིག་མ་བྱས་པར། ས་འདིར་འཁོར་ནས་མིག་ཆེ་བར་བསྟས་པ་ན། ས་འདིར་རང་གི་གཞུང་ཡོད་པ། ས་འདིར་རང་གི་དབུ་ཁྲིད་ཡོད་པ།  མང་གཙོའི་ལམ་ལུགས་དར་ཞིང་རྒྱས་པ། ས་འདིར་རང་གི་སྤུན་ཟླ་ཡོད་པ།  ས་འདིར་བོད་པའི་སློབ་གྲྭ་དམིགས་བསལ་ཡོད་པ། ས་འདིར་བོད་རིགས་དགེ་རྒན་ཡོད་པ། དྭ་ཕྲུག་ཚོར་མ་ཚབ་ཀྱི་བྱམས་བརྩེ་ཡོད་པ།  ས་འདིར་གདན་ས་གསུམ་གཙོ་བོར་ཡོད་པ། ས་གནས་གང་སར་དགོན་གནས་ཀྱིས་ཁེབས་པ། ས་འདིར་བོད་རིགས་གཞིས་ཆགས་ཡོད་པ།  བོད་རིགས་ཀྱི་ཁྲོམ་ར་ཡོད་པ།  ས་འདིར་བོད་ཀྱི་མང་གཙོའི་འོས་འདེམས་ཡོད་པ། ཤེས་ཡོན་ཅན་གྱི་བོད་མི་མང་གི་བཀའ་བློན་ཡོད་པ། གསར་གཏོད་ཀྱི་ཚོགས་པ་མང་བ། ཁ་མཁས་པོའི་ལམ་སྣེ་བ་མང་བ། ས་འདིར་རང་གི་རང་དབང་ཡོད་པ། བོད་རིགས་ལ་སྦྱིན་བདག་མང་བ།  ས་འདིར་བོད་རིགས་ཀྱི་བརྟེན་སྡོད་ཀྱི་ཁང་ཁྱིམ་སོགས།  ཐོག་རྩེག་མི་འདྲ་བ་དང་མང་བོ་ཡོད་པས།  ང་རང་ཧ་ཅང་གིས་ཡ་མཚན་སྐྱེས་སོང་། དབུགས་ལྷེབ་ལྷེབ་བྱེད་བཞིན་ང་རང་གི་བསམ་པར། ང་ཚོ་བྱེས་སོང་བ་དེ་དམིགས་ཡུལ་གཅིག་ཡིན་པར་སྨོན་ལམ་བཏབ་ཡོད་ལ། ང་ཚོ་ནམ་ཡང་འདིར་གཏན་བསྡོད་བྱེད་མི་དགོས་ན་ཅི་མ་རུང་སྙམ་ཞིང་། ནམ་མཁའ་ནས་ཡལ་སོང་བ་དང་། རྒྱ་མཚོའི་ནང་འཛུལ་སོང་བ། རི་རབ་ཀྱི་ཁུང་གསེང་དུ་ཕུར་འགྲོ་བ་ནི་ངའི་སེམས་རེད། དེའི་ལྡོག་ཕྱོགས་ཀྱི་སྐད་ཆ་མཇུག་གི་བརྗོད་གཞི་ལྔ་པ་ནས་མཐུད་དེ་སོང་ན་ཆོག་མོད།
དེ་བས་ཚོར་སྐྱེན་ཆེན་པོས་བཤད་འདོད་པ་ནི། གཞིས་ལུས་པའི་ང་ཚོའི་ཕ་ཡུལ་ནི་མི་མདེའི་ཁ་དང་།  སྤུན་ཟླ་མང་པོའི་ཚེ་སྲོག་ཀྱང་དུད་འགྲོ་ལྟར་བསད། ཕ་ཡུལ་དུ་སྐྱེས་པའི་ཤ་རུས་སྤུན་ཟླ་རྣམས་ནི།  སྐྱེ་བ་འཇིག་རྟེན་ཏུ་ཟིན་ཀྱང་རང་དབང་ཡོད་ཚད་དམྱང་བར་སྐྱེས། ཕ་སྐད་དང་སྐད་ཡིག་ཟེར་བ་ཞིག་ཁོང་ཚོའི་སྙིང་གསོན་པོ་ཡིན།  རུ་འཚོ་པའི་མི་མང་ཚོས་རང་གི་ཕ་སྐད་ནི་གཙེགས་སུ་འཛིན་ཞིང་། བླ་མ་ནི་ཁོང་ཚོའི་མ་ཎེ་དང་ཟ་གོས་ལྟར་བསྙད་པའི་ཁ་རྒྱུན་གྱི་སྐད་ཆ་ཆེན་པོ་ཞིག་ཡིན། ད་དུང་གླུ་བ་དང་གླུ་མ་ཚོས་དབྱངས་རྟ་སྙན་ཞིང་དོན་ཟབ་བ། རྩོམ་པ་པོ་དང་སྒྱུ་རྩལ་བ་ཚོའི་བརྩམས་ཆོས་ལེགས་པ། སྲོལ་རྒྱུན་གྱི་ལུགས་སྲོལ་དང་སྐད་ཆ་སྙན་བ་མང་བ། དུས་དྲན་དང་མཉམས་འཛོམས་ཀྱི་དམིགས་ཡུལ་མཐོ་བ།  དབྱར་སྐྱིད་དང་དུས་དྲན་གྱི་མཛད་སྒོ་རྒྱ་ཆེ་བ།  མཐོ་རིམ་སློབ་མ་ནས་རྩོམ་པ་པོ་མང་བ།  དགེ་རྒན་བཟང་བ་དང་ཤེས་རྒྱ་ཆེ་བ།  མདོ་དབུས་ཁམས་གསུམ་སྙིང་དང་དྲང་པོར་སྨྲ་བ། ཚད་ལོན་པའི་དཔེ་དེབ་དང་བརྩམས་ཆོས་མང་བ། རྒན་ཁོག་ཚོ་ཡང་ཆོས་སེམས་ཆེ་བ།   གཞོན་ནུ་ཚོ་ཡང་ལ་རྒྱ་དང་གཅིག་སྒྲིལ་བཟང་བ།  ལས་བྱེད་དང་དཔོན་པོ་ཚོ་ཡང་འགན་ཁུར་དང་ལྷག་བསམ་ཡངས་བ། སྤྲུལ་སྐུ་དང་བླ་མ་ཚོས་ཆོས་ཀྱི་ཉམས་ལེན་ལེགས་པ། གྲྭ་པ་དང་དགེ་བསྐོས་ཚོས་ཀྱང་ཚུལ་ཁྲིམས་སྲུང་ལེགས་པ། རང་གི་རྩ་བའི་བླ་མར་དད་གུས་ཆེ་བ།  བྱེས་ཡུལ་དུ་གནས་པའི་མི་མང་ལ་བརྩེ་བ་གཟབ་པ། འབྲོག་པ་དང་ཞིང་པ་ཚོའི་འབྲེལ་ལམ་བཟང་བ།  ཕྲུ་གུས་རང་གི་ཕ་མར་བལྟ་སྐྱོང་བཟང་བ།  ཕ་མས་རང་གི་ཕྲུ་གུར་ཡིད་རྟོན་མཁས་པ།  མཉམ་ལས་ཁག་ལ་གཏོང་ཕོད་དང་བརྒྱབ་སྐྱོར་ཡག་པས། ངའི་སེམས་ཀྱི་དགའ་བ་ཡོད་ཚད་ཁོང་ཚོར་གཏད་ཡོད། ངའི་སེམས་ཀྱི་དགའ་བ་ཅི་ལྟར་གཏད་མིན་དེ་བརྗོད་གཞི་བཞི་པ་ནས་མཐུད་དེ་བཤད་ན་འདོད་པས། ཡིད་མ་རངས་པ་ཚོས་ངོ་ལོག་བྱས་ན་ཆོག
གསུམ་པ། ཕུ་ནུ་གཉིས་ཀྱི་གསར་གཏོད་དེ་འཛམ་གླིང་གི་ཕ་སྐད་ཉིན་མོའི་དུས་དྲན་དང་འདྲེས་ཡོད།
ལོ་རབས་བརྒྱད་བཅུ་པའི་ནང་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དང་། ང་ཕོད་ངག་དབང་འཇིགས་མེད། ཕུན་ཚོགས་དབང་རྒྱལ། ཕུན་ཚོགས་བཀྲ་ཤིས་སོགས་ནི་བོད་མི་རིགས་ཀྱི་བླ་སྲོག་ཏུ་གྱུར་པའི་སྐད་ཡིག་གི་འཐབ་རྩོད་པ་འགྲན་ཟླ་བྲལ་བ་ཞིག་རེད། ལྷག་པར། ༸ཀུན་གཟིགས་པཎ་ཆེན་བཅུ་པ་མཆོག་གིས་གསར་གཏོད་གནང་བའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ནི། མ་སྐད་ཀྱི་ལམ་ནས་རྫས་འགྱུར་སློབ་ཚན་དང་། དངོས་ཁམས་རིག་པའི་སློབ་ཚན། རྩིས་རིག་སློབ་ཚན་ཐམས་ཅད་སློབ་ཐབས་བྱ་རྒྱུ་དེ་ཡིན། ༡༩༨༧གཡས་གཡོན་དུ་ང་ཕོད་བོད་རང་སྐྱོང་ལྗོངས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཀྲུའུ་རིན་ཡིན་པས། དེར་༧ཀུན་གཟིགས་པཎ་ཆེན་པོ་ཆེས་རྒྱབ་སྐྱོར་ཞུས་ནས། བོད་ཡིག་སློབ་སྦྱོང་དང་བེད་སྤྱོད་ཡར་རྒྱས་གོང་འཕེལ་དགོས་ཞེས་གསུངས་ཡོད། སྐབས་དེར་༧ཀུན་གཟིགས་མཆོག་གིས་ལྕོག་ཙེའི་སྒང་དུ་མཛོག་མགོ་བརྡབས་ནས་སྐད་ཤུགས་ཆེན་པོ་བྱས་པས། ང་ཕོད་དང་། ཕུན་དབང་དང་། ཕུན་བཀྲ་བཅས་ཚང་མས་རྒྱབ་སྐྱོར་དང་། དེའི་ཐོག་ཝུ་ཅིང་ཧྭ་ཁོས་ཡང་མོས་མཐུན་དང་རྒྱབ་སྐྱོར་བྱེད་དགོས་བྱུང་ཡོད། ལོ་མཇུག་ཙམ་དུ་མ་འགོར་བར་ལག་ལེན་བསྟར་རྒྱུའི་ཁྱབ་བསྒྲགས་བྱས་ཟིན། དེ་ནི་༸ཀུན་གཟིགས་མཆོག་གི་ལོ་རབས་བརྒྱད་བཅུ་པའི་ནང་དབུ་ཁྲིད་པའི་འོག་ནས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་སྤེལ་བཏང་བའི་བྱ་བ་རླབས་ཆེན་ཞིག་རེད། ༸ཀུན་གཟིགས་མཆོག་གིས། “བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་། བེད་སྤྱོད་གཏོང་རྒྱུའི་གནད་དོན་འདི་ཆུང་ཆུང་ཞིག་གཏན་ནས་མིན། དེ་ནི་ཆབ་སྲིད་དང་འབྲེལ་བ་ཡོད་པའི་གནད་དོན་ཞིག་ཡིན།” ཞེས་མི་རིགས་ཀྱི་སྐད་ཡིག་སློབ་སྦྱོང་བྱ་རྒྱུ་དེ་གནད་དོན་ཆུང་ཆུང་ཞིག་མིན་པར། དེར་སློབ་སྦྱོང་བྱ་དགོས་ཞེས་པ་ནི་མི་རིགས་རང་སྐྱོང་དང་སྐད་ཡིག་བཀོལ་སྤྱོད་ཀྱི་སློབ་གསོ་ཞིག་ཆབ་སྲིད་ཀྱི་དམ་དྲག་འོག་ནས་གསུངས་པའི་དཔའ་བོའི་སློབ་གསོ་ཞིག་རེད། ཁོང་གིས་མི་རིགས་ཀྱི་སྲུང་སྐྱོབ་དང་སྐད་ཡིག་དར་འཕེལ་གཏོང་བའི་ཆེད། རྒྱལ་ཁབ་ཀྱི་རིམ་པ་མང་པོའི་སྡིང་ཆར་ཕེབས་ནས་སྐད་ཆ་མཐོ་དམའ་དང་། སྐབས་རེ་མུར་མཛོག་གཞུ་བ་དང་། སྐབས་རེ་སྙན་བཞུ་བྲིས་པ། སྐབས་རེ་འཛུམ་ཡལ་ཡལ་གྱི་ཐལ་མོར་སྦྱར་བ། སོགས་ཀྱི་ཐབས་ཤེས་སྣ་མང་ལ་བརྟེན་ནས་བོད་ཀྱི་ས་ཁུལ་ཁག་ལ་མ་སྐད་ཀྱི་སློབ་ཁྲིད་བྱེད་པའི་སློབ་གྲྭ་སོ་སོའི་ལམ་སྲོལ་ཚུགས་ཟིན།  འདི་ཚོ་ནི་སྤྱང་ཀེ་དང་འདྲ་བའི་རྒྱ་ནག་གི་ཆབ་སྲིད་འོག་ནས་བླངས་པའི་རྒྱལ་ཁ་རླབས་ཆེན་ཞིག་རེད། ཁོང་གི་རླབས་ཆེན་གྱི་བྱ་བཞག་དེ་ད་ལྟའང་བོད་ཀྱི་སློབ་གྲྭ་ཁག་ལ་ཡོད། སློབ་གྲྭ་ཁག་ནས་རྩོམ་པ་པོས་འོད་སྟོང་འབར་བ་ནི་འཛམ་གླིང་གི་སྡིངས་ཆར་ལག་སྙོབ་དང་རྐང་སྙོབ་ཐུབ་ཡོད་པ་རེད།
ལྷག་པར་བཙན་བྱོལ་དུ་ཡང་། ༧སྤྱི་ནོར་གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གི་བཀའ་དྲིན་འོག རྒྱ་བལ་འབྲུག་བཅས་སུ་བོད་མིའི་སློབ་གྲྭ་ཁག་༧༧དང་སློབ་ཕྲུག་གི་གྲངས་འབོར་༢༨༠༠༠སྐོར་གཟིགས་སྐྱོང་ཐུབ་པ་དང་། དེ་བཞིན་སློབ་གྲྭ་༤༩ཡོད་ཁོངས་ནས་རྡ་ས་བོད་ཕྲུག་ཁྱིམ་སྡེའི་ཁྱབ་ཁོངས་སློབ་གྲྭ་༡༧ནང་སློབ་ཕྲུག༡༡༥༠༠ལྷག་ཙམ་ཡོད་པ། མ་སུ་རི་བོད་ཁྱིམ་ཁྱབ་ཁོངས་སློབ་གྲྭ་མ་ལག་གཉིས་ནང་སློབ་ཕྲུག་༢༢༠༠ལྷག་ཙམ་བསྐྱངས་ཡོད། དེའི་དམིགས་ཡུལ་གཙོ་བོ་ནི་བོད་མི་རང་གི་ཐུན་མོང་མ་ཡིན་པའི་རིག་གཞུང་ལ་གཅེས་སྤྲས་དང་། སྐད་ཡིག་སྲུང་སྐྱོབ་དང་དར་སྤེལ་བྱ་རྒྱུ། མི་རིགས་རིང་ལུགས་ཀྱི་སློབ་གསོ་སྤེལ་རྒྱུ་དེ་ཡིན། དེ་བས་ཀྱང་༧སྤྱི་ནོར་གོང་ས་སྐྱབས་མགོན་རིན་པོ་མཆོག་གིས། གཞི་རིམ་ཤེས་ཡོན་སྲིད་འཇུས་གསར་པ་ལག་ལྟར་གནང་ནས། སློབ་གྲྭ་ཁག་ལ་ལོ་རིམ་ལྔ་པ་བར་སློབ་ཚན་ཐམས་ཅད་མ་སྐད་ཀྱི་ལམ་ནས་གཏན་འབེབས་ཟིན་ཡོད།  ལྷག་པར་དུ། བོད་ཕྲུག་ཚོའི་བསམ་བློ་དང་གཤིས་སྤྱོད་དེ་མི་རིགས་རང་ཉིད་ཀྱི་ངོ་བོ་གནས་ཐུབ་པའི་ཆེད། ཁོང་གི་སློབ་གྲྭ་ཁག་ལ་བོད་རིགས་དགེ་རྒན་དང་།  ཕྲུ་གུ་ཚོར་བལྟ་སྐྱོང་ལེགས་པོའི་ཆེད་མ་ཚབ་དང་། ཕྲུ་གུའི་དཀའ་ངལ་སེལ་བའི་ཆེད་སྦྱིན་བདག་དང་། རྒྱ་གར་སྲིད་གཞུང་དང་དཔོན་པོ་རྣམས་ཀྱི་མདུན་དུ། ཞལ་འཛུམ་འཛུམ་དང་ལག་ཐལ་མོར་སྦྱར་ནས་སྐྱབས་འཇུག་བཞུ་བ། བོད་མའི་གནས་སྟངས་འཛམ་གླིང་ནང་གསལ་སྟོན་བྱེད་པ།  སློབ་ཕྲུག་ཚོར་གཟེངས་བསྟོད་ཀྱི་བྱ་དགའ་གནང་བ། སློབ་ཕྲུག་ཚོར་དམིགས་བསལ་གྱི་སློབ་གསོ་སྤེལ་བ། སློབ་ཕྲུག་ཚོར་དམིགས་བསལ་གྱི་མཉམ་འཛོམས་བྱེད་པ། སློབ་ཕྲུག་ཚོར་དམིགས་བསལ་གྱི་སེམས་ཁུར་བྱེད་པ། སློབ་ཕྲུག་ཚོའི་མ་འོངས་སྔར་ལས་འོད་སྟོང་འབར་བའི་ཆེད།  སློབ་ཕྲུག་ཚོར་བོད་པ་རང་གི་མཐོ་སློབ་འཛུག་སྐྲུན་བྱེད་པ། བོད་སྐད་རང་གི་གཏན་གླིང་ཆེན་མོ་ཞིག་ཏུ་བསྒྱུར་བ། སློབ་ཕྲུག་ཚོར་ངའི་བོད་ཕྲུག་ཞེས་དམིགས་བསལ་གྱི་ཐུགས་བརྩེ་ཆེ་བ། ངའི་བོད་ཕྲུག་ཞེས་འཛམ་གླིང་ཕྱི་མི་ཚོར་ཡང་གསལ་བཤད་བྱེད་པ། འདི་ལྟ་བུ་ནི་ཁོང་གི་རླབས་ཆེན་གྱི་ཐུགས་ཁུར་ཡིན་པ་ལས། ཕྱི་ཡུལ་དུ་སུ་ཞིག་གིས་དུས་རབས་འདིར་བོད་པ་ཞེས་པ་འདི་ངོ་སྤྲོད་བྱེད་ཐུབ་མེད། ད་དུང་ཁ་མཁས་པོ་འགའ་ཤས་ཤིག་གི་རང་གི་འཇོན་པ་ཡིན་ཁུལ་བཤད་མཁན་ཡོད། མི་དེ་ཚོས་མི་རིགས་ཀྱི་ངོ་སྤགས་བཤུས་ནས་སྐད་ཆ་བཤད་ཀྱི་ཡོད། ང་ཚོས་མི་དེ་ཚོར་ངེས་པར་དུ་གཟབ་དགོས་ལ། ཁོང་ཚོའི་ལྟ་ཚུལ་དང་ལས་འགུལ་གྱི་ཁ་ཕྱོགས་ཤེས་དགོས། དགུ་རོང་སྤུན་གྲོལ་གྱིས།“མི་སྒེར་རིང་ལུགས་པ་དག་གིས་མི་བུ་སྐོར་གྱི་གཞན་གྱི་འཚོ་གནས་ལ་གནོད་པ་མི་རྩོམ་ལ། གཞན་གྱིས་ཀྱང་རང་ཉིད་ལ་རྩོམ་དུ་མི་འཇུག རང་ཉིད་ཀྱིས་གཞན་ལ་སྟངས་འཛིན་མི་བྱེད་ལ། གཞན་གྱིས་ཀྱང་རང་ཉིད་ལ་བྱེད་དུ་མི་འཇུག རང་ཉིད་གཙོ་བདག་མི་བྱེད་ལ་བྲན་གཡོག་ཀྱང་མི་བྱེད་པའོ།”ཞེས་གསུངས། ཡིན་ན་ཡང་ང་ཚོས་ཀྱང་།  ཨ་མ་ཡིན་ཤག་དང་ནུ་མ་ནུ་ཤག་བྱེད་རྒྱུ་མེད། རང་ཉིད་ངོ་ཤེས་པ་ཙམ་དུ་མ་ཟད་བོད་ཁྱིམ་གྱི་ཁོངས་མི་དེ་ཚོ་ཡང་བོད་རིགས་ཡིན་པ་ངོ་ཤེས་སུ་འཇུག་དགོས།  ཕྱོགས་གཉིས་ཀས་བོད་ཀྱི་ཡི་གེ་དང་བོད་ཀྱི་ལོ་རྒྱུས་ཤེས་པར་འབད་པ་བྱེད་དགོས་སོ།
བཞི་པ། ༧ཀུན་གཟིགས་པཎ་ཆེན་གཤིགས་པའི་རྗེས་བོད་ནང་ཁོང་གི་གསར་གཏོད་ལ་ཉམས་ཉེས་སོང་ངམ།
བོད་ཀྱི་རོང་འབྲོག་ཁག་གི་སློབ་གྲྭ་ཁག་ལ་མཐུན་རྐྱེན་ལེགས་པོ་མེད། དེ་རྒྱ་གར་གྱི་བོད་ཁྱིམ་གྱི་སློབ་གྲྭ་ཁག་ལ་བསྡུར་ནས་བཤད་ཀྱི་ཡོད། བོད་ནང་གི་སློབ་གྲྭ་ཁག་ལ་ཕྱི་རྒྱལ་བའི་སྦྱིན་བདག་ཉུང་ཉུང་ཡིན། འོ་ན། སློབ་གྲྭ་གསར་འཛུགས་ཀྱི་སྦྱིན་བདག་ཁག་སུ་རེད་ཟེར་ན། བོད་རིགས་རང་གི་བླ་མ་དང་གླུ་བ་གླུ་མོ་རྣམས་ཀྱིས་རོགས་འདེགས་བྱེད་ཀྱི་ཡོད། ༧ཀུན་གཟིགས་མཆོག་གི་རླབས་ཆེན་གྱི་ནུས་པ་ལས། བོད་ནང་གི་དམའ་རིམ་སློབ་གྲྭ་ནས་མཐོ་རིམ་སློབ་གྲྭ་བར་སློབ་ཚན་ཐམས་ཅད་མ་སྐད་ཀྱི་ལམ་ནས་གཏན་འབེེབས་བྱས་ཡོད་ལ། ཁོང་རང་ཉིད་ཀྱིས་བོད་ནང་སློབ་གྲྭ་མང་པོ་ཞིག་གསར་འཛུག་བྱས་ཡོད། དེ་རིང་ཁ་སང་ཡང་ཆུང་ས་ཁྱིམ་གྱི་རིགས་གནས་དང་། རོང་འབྲོག་སྡེ་བ་ཁག་གི་རིགས་གནས་དང་། ཡུལ་ལུང་སོ་སོའི་རིགས་གནས།  མདོར་ན། བོད་ཡོངས་ཀྱི་ས་ཁུལ་ཁག་གི་རིགས་གནས་རྣམས་ལ་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་ཡོད། དམིགས་བསལ་སློབ་གྲྭ་ཁག་ལ་ཁ་ཕྱོགས་ནས་བཤད་ན། བོད་རིགས་དགེ་རྒན་རྣམས་ལྷག་བསམ་ཆེ་བ་ཞིག་རེད། རྒྱ་ནག་གི་སྲིད་འཇུས་དམ་པོ་འདི་འདྲ་ཞིག་ཡོད་ནའང་། མི་རིགས་རིང་ལུགས་ཀྱི་སློབ་གསོ་དང་ཕ་སྐད་གཙོ་བོར་བཤད་ཀྱི་ཡོད།  དེ་ནི་ཇར་མིན་གྱི་མིས་ཇེའུ་མི་རིགས་ངོ་སྤྲོད་བྱེད་སྟངས་ཀྱི་དཔེ་མཚོན་དང་འདྲ་བ་རེད། ཡང་རྒྱ་ནག་གི་ཆབ་སྲིད་ཀྱི་གཡོ་འཇུས་ཤིག་བཤད་ན་འདི་རེད། རྒྱ་ནག་གི་བོད་ཐོག་འཛིན་པའི་སློབ་གསོའི་སྲིད་འཇུས་ཀྱི་དམིགས་ཡུལ་ནི།  མེས་རྒྱལ་ཟེར་བའི་རྒྱ་ནག་དང་།  དམར་པོའི་ཚོགས་པར་གུས་བརྩེའི་བསམ་བློ་རིམ་པ་སྤེལ་རྒྱུ་དེ་ཡིན།  ༡༩༩༤ ལོར་ལྷ་སར་བོད་རང་སྐྱོང་ལྗོངས་ཤེས་ཡོན་སློབ་གསོའི་ཚོགས་འདུའི་སྐབས་སུ་འདི་འདྲ་ཞིག་བཤད་འདུག ང་ཚོའི་སློབ་གསོའི་གྲུབ་འབྲས་ཐོན་མིན་དེ་སློབ་གྲྭ་ཆེན་མོ་དང་། ཆེད་ལས་སློབ་གྲྭ་དང་། སློབ་འབྲིང་བཅས་ཀྱི་ལག་འཁྱེར་མིན་པར།  སློབ་མ་རྣམས་ཏཱ་ལའི་རུ་ཚོགས་ལ་ངོ་རྒོལ་བྱེད་མཁན་ཞིག་དང་།  ཡང་ན། ཏཱ་ལའི་རུ་ཚོགས་ལ་སེམས་ཕྱོགས་མཁན་ཞིག་དང་།  ཡང་ན། རླབས་ཆེན་མེ་རྒྱལ་གྱི་སྤྱི་ཚོགས་ལ་བསམ་པ་རྣམ་དག་བྱེད་མཁན་ཞིག་དང་། ཡང་ན། མེས་རྒྱལ་ལ་བློ་འགེལ་སེམས་འགལ་བྱེད་མཁན་ཡིན་མིན་ལ་བལྟ་རྒྱུ་དེ་རེད་ཞེས་བཤད་ཡོད། དེ་ནི་རྒྱ་ནག་གི་སྲིད་འཇུས་ངན་པ་ཞིག་ཀྱང་རེད་ལ། ཕི་ལན་པིན། Philipes གཞུང་གིས་ཀྱང་། རྒྱ་ནག་གིས་བོད་བཙན་བཟུང་བྱས་པ་ནི་རྒྱ་བསྐྱེད་རིང་ལུགས་དང་མི་སེར་སྤེལ་བའི་རིང་ལུགས་བྱུང་བའི་ནང་ནས་སྡུག་ཤོས་ཀྱི་དཔེ་མཚོན་ཞིག་ཏུ་བཞག་ཡོད། འདི་འདྲ་ཞིག་དངོས་གནས་ཡིན་གྱི་རེད། ཁོང་ཚོས་མིང་ལ་གསར་གཏོདབཏགས་ནས་དོན་ལ་གཏོར་སྐྱོན་བྱེད་ཀྱི་ཡོད།
མཚམས་འདི་ནས་སླར་ཡང་སྐད་ཆ་ཁ་ཤས་ཤིག་ཁ་སྣོན་བྱེད། རང་ཉིད་ཀྱི་སློབ་ཆུང་གི་རིམ་པ་ཞིག་ནས་བཤད་ན། སློབ་གྲྭར་ཡོང་དུས་སྐེ་དར་དམར་པོ་དེ་གྱོན་ནས་ཡོང་དགོས། སྐེ་དར་དམར་པོ་དེའི་འགྲེལ་ལུགས་བྱས་ན་སྔོན་གཤེགས་དཔའ་བོའི་ཁྲག་ཡིན་ཟེར། སྔོན་གཤིགས་དཔའ་བོ་ཟེར་བ་ནི་དམར་ཤོག་ཚོགས་པའི་ཚོགས་གཙོ། མི་ཆུང་རྟེའུ་མའོ་ཀྲུའུ་ཞུ་རེད། ལོ་ལྟར་སློབ་གྲྭ་ཁག་ལ་ཁོང་ཚོའི་ལྟ་བསྐོར་ཡོང་གི་ཡོད། ཁོང་ཚོའི་དྲི་བ་འདོན་ཚད་ལ་ང་ཆོས་ལན་འདེབས་བྱེད་དགོས་ཀྱི་ཡོད། ལན་འདེབས་བྱེད་སྟངས་འདི་བཙན་ཤེས་ཀྱི་ལམ་ལུགས་ཤིག་རེད། གལ་ཏེ་ཁོང་ཚོས་ཏཱ་ལའི་བླ་མ་ཞེས་པ་སུ་རེད་ཞེས་འདྲེས་ན། ང་ཚོས་ཐེ་ཚོམ་མེད་པར་ཕ་མ་བསད་ནས་བྲོས་བྱོལ་འགྲོ་མཁན་དེ་རེད་ལབ་དགོས་ཀྱི་ཡོད། གལ་ཏེ་ཁོང་ཚོས་སྐེ་དར་དེའི་མཚོན་དོན་ཅི་རེད་ཞེས་འདྲེས་ན། ང་ཚོས་ལམ་སེང་སྔོན་གཤིགས་དཔའ་བོའི་ཁྲག་རེད་ལབ་དགོས་ཀྱི་ཡོད། དེ་ཚོ་སློབ་ཆུང་དང་སློབ་འབྲིང་ནང་སྤེལ་བའི་རྒྱ་ནག་གི་སྲིད་འཇུས་ཤིག་རེད།  ཉིས་སྟོང་ལོར་ང་རང་ཕ་ཡུལ་གྱི་སློབ་གྲྭ་རྨམ་པ་ཆུས་ཟེར་བ་དེ་ན་ཡོད། ཕ་སྐད་ཕར་བཞག་ཤེས་ཡོན་དེ་ཡང་གལ་ཆེན་པོ་མཐོང་མཁན་ཉུང་ཉུང་རེད། སྐབས་དེ་དུས་སློབ་ཕྲུག་ཞིག་ལ་མཚོན་ནའང་སློབ་གྲྭ་འགྲོ་བ་ནི་ལས་ཞོར་ཙམ་ཡིན། སློབ་གྲྭ་གྲོལ་སོང་ན་ཁྱིམ་ལས་གལ་ཆེ་བ་རེད། གུང་སེང་ཟིན་ན་དེ་བས་ལས་ཀ་མང་བ་རེད། ང་ཕ་ཡུལ་གྱི་སློབ་གྲྭ་ལོ་དྲུག་བསྡད་ནས་སློབ་འབྲིང་དུ་སོང་བ་ཡིན། དེ་ནི་རང་ཉིད་ཀྱིས་བསྐྲུན་པའི་འཇོན་ཐང་ཞིག་མ་རེད། སློབ་གྲྭའི་ཆབ་སྲིད་ཀྱི་འགྲོ་སྟངས་ཤིག་རེད། སློབ་གྲྭའི་ཆབ་སྲིད་ཀྱི་འགྲོ་སྟངས་འདི་འདྲ་ཞིག་རེད། སློབ་གྲྭའི་ནང་ལོ་ལྟར་བཟང་པོ་གསུམ་ལྡན་གྱི་བྱ་དགའ་ཞིག་སྤྲད་སྲོལ་ཡོད། བཟང་པོ་གསུམ་ཟེར་བ་ནི། ཤེས་ཡོན་དང་། ཀུན་སྤྱོད། གཙང་སྦྲ་གསུམ་རེད། བྱ་དགའ་སྤྲད་སྟངས་དེ་དམིགས་བསལ་ཞིག་ཡིན་པས་ངས་མི་ཤེས། སྐབས་རེ་ཡིག་རྒྱུགས་མི་འཕྲོད་མཁན་ལའང་ཤེས་ཡོན་གྱི་བྱ་དགའ་ཡོད། སྐབས་རེ་འཁྲུག་པ་བྱེད་མཁན་དང་ཐ་མག་འཐེན་མཁན་ལའང་ཀུན་སྤྱོད་ཀྱི་བྱ་དགའ་ཡོད། སྐབས་རེ་ལོ་བསྟུན་མར་ན་ནས་བསྡད་མཁན་ལའང་གཙང་སྦྲའི་བྱ་དགའ་ཡོད་པ་རེད། དེ་ཚོ་དངོས་གནས་ཆབ་སྲིད་ཀྱི་ལས་ཐབས་ཤིག་རེད་འདུག་ཟེར་ནའང་ནོར་མེད་ལ། ནོར་ཡོད་ཀྱང་མི་སྲིད།  རྒྱ་ནག་པ་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས། “ཁྲིམས་ལུགས་ལྟར་བོད་སྐྱོང་དགོས་པ་དང་ཡུན་རིང་བོད་འཛུགས་སྐྲུན་བྱེད་དགོས།”ཞེས་ནན་ཏན་གྱི་སྐད་ཆ་ཞིག་བཤད་ཡོད། དེ་ཚོ་བོད་ཕྲུག་གི་མི་ཚེ་འཕྲོག་བརླག་གཏོང་བའི་ལས་འགུལ་གཅིག་རེད། ཕ་མ་དང་ཕྲུ་གུའི་བསམ་བློ་ཁ་གཏོར་བྱེད་པའི་ལས་འགུལ་ཞིག་རེད། ཕྲུ་གུའི་མདུན་ལམ་མེད་པར་བཟོ་བའི་གཡོ་ཇུས་ཤིག་རེད། ཡིག་རྒྱུགས་མི་འཕྲོད་ནའང་ལོ་རིམ་རྗེས་མར་འགྲོ་ཐུབ་པ་འདི། ཁོང་ཚོས་བཤད་པ་ལྟར་ལག་འཁྱེར་གཙོ་བོ་མིན་ཟེར་བ་དེ་རེད། མཐའ་མ་དེར་རང་ཉིད་སློབ་པ་མཐར་སོན་གྱི་རྗེས་སུ། སྤྱི་ཚོགས་ནང་ལས་ཀ་རྐང་ཆག་ལག་ཆག་ཅིག་བྱེད་རྒྱུ་དེ་རེད།  ཆུང་དུས་ཕྲུ་གུའི་གསོ་སྐྱོང་གཙོ་བོ་ནི་ཉེས་རྡུང་གི་ཐབས་ལམ་དེ་ཡིན། དེས་རྐྱེན་པས་ཕྲུ་གུ་མང་པོ་གདེང་ལྕི་བོ་དང་ངར་རྒྱལ་ཚ་བོ་དེ་བྱུང་བ་ཡིན། དེའི་ཁར་ཕ་མས་ཀྱང་ཤེས་ཡོན་གྱི་སློབ་གསོ་བྱེད་ག་ལ་ཐུབ། སློབ་གྲྭ་སོང་བ་ཙམ་གྱི་དགའ་ཚོར་ལ་ངོམས་ཤིང་དེས་འགྲིག་པ་བྱེད་ཀྱི་ཡོད། ཕྲུ་གུའི་སྦྱང་འབྲས་དང་སློབ་གསོའི་བསྐོར་སྐད་ཆ་འདྲི་མཁན་ཧ་ཅང་གི་ཉུང་ཉུང་རེད། ཕྱོགས་དེ་ནས་བོད་འདི་རྗེས་ལུས་ཀྱི་རྣམ་པ་ཞིག་མངོན་ཡོད།
ཡིན་ནའང་། དམིགས་བསལ་གྱི་ཉིས་སྟོང་བརྒྱད་ལོ་དང་དེའི་ཡར་སྔོན་ན།  ང་ཚོའི་མི་བྱེ་བྲག་པ་རེ་རེས་ཕ་སྐད་དང་སྐད་ཡིག་ འཚོ་གནས་ཀྱི་ཆེད་དུ། གང་སར་ལུས་སྲོག་དང་ཡོད་ཚད་ཀྱིས་འཐབ་རྩོད་བྱས་པ་དང་། ང་ཚོའི་ཆོལ་ཁ་གསུམ་གྱི་ལག་རྡང་གཅིག་ལ་སྤྲེལ་ནས་མི་རིགས་འདི་སླར་ཡང་སྐྱོབ་པའི་ལམ་དུ་ཞུགས།  ད་ལྟ་བོད་ཀྱི་སློབ་གྲྭ་ཁག་ལ་དེའི་ལམ་ལུགས་ཉུང་ལ་བོད་ཕྲུག་ཚོས་བོད་ལྭ་གྱོན། བོད་སྐད་བཤད། བོད་ཡིག་འབྲི། ལྷག་པར་དེ་རིང་ཁ་སང་གི་སློབ་གྲྭ་ཆེན་མོ་ཁག་དང་། སློབ་འབྲིང་། སློབ་ཆུང་ཐམས་ཅད་ལ་འདི་ལྟ་བུའི་ལས་བྱ་ཞིག་གཉེར་བཞིན་ཡོད། དེ་བས་སློབ་ཆེན་འདི་ཚོ་སྨོས་ཅི་དགོས། ལྷོ་ནུབ་མི་རིགས་སློབ་ཆེན།  ནུབ་བྱང་མི་རིགས་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན། འབར་ཁམས་མི་རིགས་དགེ་ཐོན་སློབ་གྲྭ། བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེན་མོ། ཀྲུང་དབྱངས་མི་རིགས་སློབ་ཆེན། བོད་ལྗོངས་སློབ་གྲྭ་ཆེན་མོ། སློབ་ཆེན་དེ་དག་ནང་རྩོམ་པ་པོ་མང་བ། ལོ་རྩ་བ་མང་བ། ཆེད་ལས་པ་མང་བ། དགེ་རྒན་མང་བ། སྤྱི་ཚོགས་ཞབས་ཞུ་བ་མང་བ། དངོས་གནས་སློབ་ཆེན་དེ་ཚོ་ནི་མི་རིགས་བཟོ་བསྐྲུན་བྱེད་ས་ཤིག་རེད། དཔལ་འབྱོར་གྱི་རྐྱེན་བྱས་སྟེ་རྒྱ་ཡིག་སྦྱང་དགོས་ཀྱང་། བོད་ཡིག་དེ་ཐོག་མར་ནས་གཙེགས་སུ་འཛིན་ཞིང་དེར་སྦྱང་པ་བྱེད་ཀྱི་ཡོད། ང་ཚོས་དེ་ཚོ་ལ་མིག་དཔེ་བྱེད་དགོས་ཞེས་བཤད་ན་མི་འགྲིག་པ་ཅི་ཡོད། དེ་ཚོས་༧པཎ་རིན་པོའི་བཀའ་དགོངས་སྒྲུབ་ཡོད། དངོས་གནས་མིག་དཔེ་བལྟ་དགོས་པ་ཞིག་རེད།  གང་ལྟར་ཡང་། བཙན་བྱོལ་གྱི་སློབ་གྲྭ་ཁག་ལས་བོད་ནང་གི་སློབ་གྲྭ་ཁག་གི་སློབ་ཕྲུག་རྣམས། འཇོན་ཐང་ཆེ་བ། རྒྱལ་ཞེན་ཆེ་བ། ཕ་སྐད་ལ་འགན་འཁུར་ཆེ་བ། མི་རིགས་ལ་ལ་རྒྱ་ཆེ་བ། རྡོག་རྩ་གཅིག་སྒྲིལ་ཆེ་བ། གཤེས་རྒྱུད་བཟང་བ། ངོ་ཚ་དང་ཁྲེལ་ཆེ་བ། སོགས་མདོར་ན་རིག་གནས་དེ་བདག་པོ་རྒྱབ་མཁན་གཙོ་བོ་དེ་ཁོང་ཚོ་རེད་ཞེས་བཤད་ནའང་།  ཕལ་ཆེར་ཁ་ཕོ་ཆེ་དྲགས་པ་ཅི་ཡང་མེད། གསལ་བོ་གསལ་རྐྱང་གི་གནས་ཚུལ་ཞིག་དང་སྐད་ཆ་ཞིག་ཡིན།
ལྔ་པ། ༧སྐྱབས་མགོན་པོ་ཆེས་གསར་གཏོད་བྱས་པ་དེ་སློབ་གྲྭ་ཁག་ལ་ལག་བལྟར་འདི་ལྟར་འགྲོ་བ་ཡིན།
ངས་འདིར་བཤད་འདོད་པ་ནི་དཔལ་འབྱོར་ཡོད་ནའང་། བོད་རིགས་དགེ་རྒན་ནང་སློབ་མ་འཐུས་ཤོར་གཏོང་མཁན་འདུག་ཟེར་བ་དེ་ཡིན། ངས་རང་ཉིད་ཀྱི་ས་ཁུལ་ནས་གླེང་ནས་བཤད་ན། གོ་པལ་པུར་བོད་ཕྲུག་ཁྱིམ་སྡེ་ནས་མགོ་བརྩམས་སྟེ། ལམ་ཞེས་པའི་དུས་དེབ་ཀྱི་ཀློག་པ་པོ་ཚང་མར་བཤད་དགོས་ཀྱི་ཡོད། གོ་པལ་པུར་བོད་ཁྱིམ་སློབ་གྲྭ་འདི་ནི།  གཅིག་དགུ་གོ་བདུན་ལོའི་ཟླ་བ་དྲུག་པའི་ཚེས་ཉི་ཤུར་དབུ་བརྙེས། སློབ་གྲྭའི་འཁོར་ཡུག་ནི་ཤིན་ཏུ་མཛེས་ཤིང་ཁུ་སིམ་པ་རེད། སློབ་ཕྲུག་གི་གྲངས་ཚད་ཀྱང་གཅིག་སྟོང་ཡས་མས་རེད། སློབ་ཕྲུག་རྣམས་ཀྱི་སྒྲིག་ཆས་སྤུས་ཀ་ལེགས་པ། ལོ་རེར་སྒྲིག་ཆས་ཆ་ཚང་ཐེངས་རེ་གནང་བ། འཛིན་ཆས་དང་ཁྱིམ་ཆས་ཐམས་ཅད་བཟང་བ།   ཁྱིམ་ཚང་དང་པོ་ནས་སུམ་ཅུ་ཙམ་ཡོད་པ། ལོ་རིམ་བཅུ་པ་ཁག་ལ་ཕོ་མོ་གཉིས་ཀྱི་སྡོད་ཁང་དམིགས་བསལ་གཉིས་ཡོད་པ། དེ་ཡང་ཐོག་བརྩེགས་གཉིས་དང་ཁང་མིག་མང་བོར་ཡོད་པ།  ལོ་རིམ་བཅུ་གཅིག་དང་བཅུ་གཉིས་ལ་ཁག་ལ་སྡོད་ཁང་ལྔ་བ་ཙམ་ཡོད་པ། བུའི་སྡོད་ཁང་ཁག་གསུམ་ལ་ཐོག་བརྩེག་གསུམ་ཅན་དང་། བུ་མོའི་སྡོད་ཁང་ཁག་མི་འདྲ་བ་གཉིས་སྟེ། ཁང་པ་ཐོག་བརྩེགས་གཉིས་ཅན་དང་ཁང་མིག་མང་བ། དགེ་རྒན་ཁག་ལ་སྡོད་ཁང་བཞི་ཙམ་ཡོད་པ། སྡོད་ཁང་ཁག་ལ་ཐོག་བརྩེགས་གཅིག་དང་གཉིས་རེ།  དེ་དག་ལ་ཁང་མིག་མང་བ་དང་རྒྱ་ཆེ་བ། སློབ་གྲྭ་ཆེ་འབྲིང་གསུམ་ཡོད་པ། སྔོན་འགྲོའི་སློབ་གྲྭར་ཁང་པ་ཐོག་བརྩེགས་གཅིག་དང་། སློབ་གྲྭ་འབྲིང་བ་ཁང་བ་ཐོག་བརྩེགས་གསུམ་དང་། འཛིན་ཁང་ཁག་བཅོ་ལྔ་ཙམ་ཡོད་པ། སློབ་གྲྭ་ཆེ་བ་ཐོག་བརྩེགས་བཞི་དང་། འཛིན་ཁང་ཁག་ཉི་ཤུ་རྩ་གསུམ་ཙམ་ཡོད་པ། དཔེ་མཛོད་ཁག་གཉིས་སྟེ། སློབ་གྲྭ་ཆེ་བ་རྣམས་དང་འབྲེང་བ། སློབ་གྲྭ་ཆེ་བའི་དཔེ་མཛོད་ཁང་དུ། གློག་ཀླད་ཀྱི་མཐུན་རྐྱེན་ཀྱང་ཡོད་པ། གཞན་ཡང་གློག་ཀླད་ཁང་གསུམ་སྟེ། སློབ་གྲྭ་ཆེ་བར་གཉིས་དང་སློབ་གྲྭ་འབྲིང་བར་གཅིག  ཆོས་ཁང་དང་དེའི་ནང་སྐུ་འདྲ་མང་བ། ཉན་སྦྱོང་ཁང་ཆེ་བ་མཐུན་རྐྱེན་ལེགས་པ། ཚན་རིག་བརྟག་དཔྱད་ཁང་དང་རྫས་སྦྱོར་མང་བ། གཞན་ཡང་ས་ཁམས་རིག་པ་དང་། བརྙན་འཕྲིན་ཁང་། དེ་མིན་གྱི་ཚོང་ཁང་དང་ཟ་ཁང་། རྩེད་ར་སོགས་ཧ་ཅང་གིས་མང་བོ་ཡོད།
ཡིན་ན་ཡང་། བོད་ཁྱིམ་སློབ་གྲྭ་ཁག་ལ་ངས་འདི་ལྟར་མཐོང་། དབུ་འཛིན། སློབ་སྤྱི། དགེ་ཆེ་དང་། ཐམས་ཅད་ཀྱི་དྲུང་ཡིག་དང་ཐམས་ཅད་ཀྱི་ཕྱག་རོགས་རྣམས། བོད་ཡིག་གི་གནས་ཚད་ཧ་ཅང་ཞན། མི་རིགས་རིང་ལུགས་ཀྱི་བསམ་བློ་ཆུང་བ། བོད་པའི་སྤྱི་ཚོགས་ཁག་གི་གནས་ཚུལ་ལ་མཐོང་རྒྱ་ཆུང་བ། སྦྱིན་བདག་རྣམས་ལ་ངོ་འཛིན་དང་དེང་དུས་ལ་དགའ་བ། སོན་རྩའི་མ་འོངས་རིགས་ལ་བསམ་བློའི་ཕུགས་རྒྱང་ཞན་པ། སློབ་ཕྲུག་ཚོ་ལ་མཚོན་ནའང་། ཨིན་ཇིའི་སྐད་ལ་དགའ་བ་ལས་བོད་ཡིག་ལ་མི་དགའ་བ། བོད་སྐད་བཤད་ན་ངོ་ཚ་དང་། བོད་ལྭ་གྱོན་ན་རྗེས་ལུས་དང་། བོད་ཡིག་འབྲི་ན་ཉོབ་སྣང་། སོགས་ཀྱི་གནད་དོན་མང་པོ་ཞིག་ཡོང་གི་ཡོད། གང་ལྟར་ལྷག་བསམ་དང་ཤེས་ཡོན་གཉིས་ཀ་ཡོད་མཁན་གྱི་བོད་དགེ་ཁ་ཤས་ཕྱིན་སོང་།  ང་ལ་རྣམ་རྟོག་གི་རྒྱུ་མཚན་མང་པོ་ཡོད་ཀྱང་བཤད་ནས་ཅི་ལ་ཕན། ཡང་ཟ་གདོང་བླ་མས་གསུངས་པ་གཞིར་བཞག་ན། འཛིན་སྐྱོང་དེ་གཙོ་བོ་ཞིག་མ་ཡིན་པར། གཙོ་བོ་དགེ་རྒན་དང་ཕ་མ། ཕྲུ་གུ་གསུམ་གྱི་བསམ་བློ་དེ་གཅིག་བསྒྲིལ་དགོས་པ་བཤད་ཀྱི་ཡོད། འོན་ཀྱང་ཕ་མ་དང་ཁ་བྲལ་འོང་བའི་ང་ཚོའི་ཕ་མ་ནི། རོང་འབྲོག་གི་མི་སེར་དཀྱུས་མ་དག་ཡིན་པས། ང་ཚོའི་བསམ་བློ་དང་ཇི་ལྟར་མཐུན་དགོས་སམ། དེ་བས་དོ་མི་སྙོམས་པའི་དགེ་རྒན་ཚོའི་བསམ་བློ་དང་ལྷག་བསམ་ལ། ང་ཚོས་ཇི་ལྟར་མཉམ་གཤིབ་དང་མཉམ་བསྐྱོད་བྱེད་དགོས་སམ། གཞི་རིམ་སློབ་གྲྭ་ཁག་ནང་མི་རིགས་ཀྱི་སློབ་གསོ་ཉུང་། ལྷག་བསམ་དང་རྒྱལ་ཞེན་ཡོད་མཁན་དེ་བས་ཉུང་། བོད་དགེ་ཚོས་མི་རིགས་ཀྱི་འགན་འཁྲི་བཤད་པ་དེར། ཉན་མཁན་ལས་མི་ཉན་མཁན་དང་འགག་པ་བྱེད་མཁན་མང་བ། སློབ་ཕྲུག་ཚོར་མཚོན་ནས་བཤད་ནའང་། དགེ་རྒན་དང་ཕ་མའི་སློབ་གསོར་ཉན་ས་མེད། དགེ་རྒན་ཚོའི་སློབ་གསོ་ནི་ཕྱི་རྒྱལ་མིའི་བསམ་བློ་འཁྱེར་སྟངས་ཙམ་རེད། དེ་བས་ཁ་ཞིབ་དུ་བཏང་ན་སྒྲིག་ཆས་དང་མགོའི་སྐྲ་རེད། མ་ཚབ་ཚོས་གཙང་སྦྲ་དང་འགྲོ་ལུགས་ཙམ་ལས།  ཕྲུ་གུར་ཤེས་ཡོན་གྱི་སློབ་གསོ་བྱེད་མི་ཐུབ། དགེ་རྒན་ཚོར་དེང་རབས་ཟེར་བ་ཞིག་མ་གཏོགས་མེད། ཁོང་ཚོས་སྤེལ་བའི་སློབ་གསོ་དེ་ནི་མ་འོངས་པའི་རྐུབ་སྟེགས་དང་འཚོ་བའི་སྐོར་རེད། དེ་ནི་དགེ་རྒན་ཞིག་གི་སློབ་མར་སྤེལ་བའི་སློབ་གསོ་གལ་ཆེན་ཞིག་ཡིན་པར་བཤད་ཀྱི་ཡོད། ང་ཚོས་ཤེས་དགོས་པ་ཞིག་ལ་༧ཀུན་གཟིགས་པན་ཆེན་རིན་པོ་ཆེས། “རང་གི་ཅ་ནེ་དང་རྐུབ་སྟེགས་ཁོ་ན་བསམ་སྟེ་མི་རིགས་ཀྱི་སྤྱི་དོན་མི་བསམ་ཞིང་། བསམ་ཡང་བྱེད་ཕོད་པ་ནི་མི་ཐ་ཤལ་གྱི་གྲས་རེད།” གསུངས་པ་དེ་ཡང་ཤེས་དགོས། དགེ་རྒན་གྱིས་སློབ་ཕྲུག་གི་ཁ་ལོ་བསྒྱུར་ཐུབ་ཀྱི་རེད་ཟེར་བ་ནི་སྐྱག་རྫུན་རེད།  དེ་བསྒྱུར་ཐུབ་པ་ཡིན་ན་སློབ་མ་ཚང་མ་དེང་རབ་ཞིག་ལ་གྱུར་ཚར་ཡོད་ཀྱི་རེད། ང་ཚོ་འདིར་འབྱོར་ནས་ལོ་མང་པོ་ཕྱིན་ཚར་ཡོད། དགེ་རྒན་ཚོའི་སློབ་གསོ་ནི་དེང་རབ་པ་ཞིག་བསྒྱུར་རྒྱུ་དེ་རེད། ང་ཚོའི་ཁོར་ཡུག་ནང་སྲོལ་རྒྱུན་དང་རང་མི་རིགས་ཟེར་བའི་ལྟ་བ་སྤེལ་མཁན་ཉུང་ཉུང་རེད།  དགེ་རྒན་འགའ་ཤས་ཤིག་གིས་ང་ལ་ཤ་ཚ་བའི་སྐད་ཆ་འདི་འདྲའང་བཤད་མྱོང་།“བོད་ཡིག་ཤེས་ནའང་ཡག་པོ་རེད། ཡིན་ནའི་མ་འོངས་པར་ལས་ཀ་རག་གི་མ་རེད་ཞེས་ལབ་མྱོང་།” སྐད་ཆ་དེ་ཚོར་ད་ལྟ་ཡང་ཞེན་པ་ལོག་གི་འདུག བོད་རིགས་སྤྱི་ཚོགས་ནང་བོད་ཡིག་ཤེས་མཁན་ཚོར་ལས་ཀ་མེད། ཕལ་ཆེ་བ་སྒེར་གྱིས་སྤྱི་ཚོགས་ལ་ཞབས་ཞུ་བྱེད་ཀྱི་ཡོད། ཨིན་ཡིག་ཤེས་ནས་བོད་ཡིག་ཤེས་ན་བོད་གཞུང་ནང་ལས་ཀ་རག་གི་ཡོད། དེ་དངོས་གནས་ཡ་མཚན་གྱི་སྐད་ཆ་རེད། ཡ་མཚན་གྱི་གནད་དོན་ཞིག་རེད། ལྷག་པར་དུ།  སྤྱི་ལོ་༢༠༠༢ལོར་ཤེས་རིག་ཚོགས་ཆེན་ཐོག་བཀའ་ཤག་གིས་ཤེས་ཡོན་སྲིད་བྱུས་ཀྱི་འཆར་གཞི་དང་དགོངས་ཚུལ་བཤད་པ་དང་། ༢༠༠༤ལོར་སྐབས་བཅུ་གསུམ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཚོགས་ཆེན་སྐབས་བརྒྱད་པར་གཏན་འབེབས་བྱས་པ་དེར་། བོད་གཞུང་ཡིག་ཚང་ཁག་དང་ཤེས་རིག་ལས་ཁུངས་ནས། གཞི་རིམ་སློབ་གྲྭ་ཁག་ནང་མ་སྐད་ཀྱི་ལམ་ནས་སློབ་ཁྲིད་བྱ་རྒྱུའི་སྲིད་འཇུས་དེར་ངོ་རྒོལ་བྱས་ཡོད། གནས་ཚུལ་དེ་ཚོའི་ཁྲོད་ང་ཚོར་སློབ་གསོ་སྤྲད་མཁན་ཡིན་ཟེར་མཁན་ནང་ལའང་འདུག སྐབས་རེར་ཡིན་མདོག་མདོག་བྱེད་མཁན་དེ་ཚོར་བགད་མོ་ཤོར་གྱི་འདུག བོད་ནང་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེས་སྐད་ཡིག་འགན་ཁུར་གྱི་མདུན་བསྐྱོད་དང་དང་བཙན་བྱོལ་དུ་༧གོང་ས་མཆོག་གི་མདུན་བསྐྱོད་ཀྱི་དཀའ་ཚེགས་གནང་བ་དེར་གཞུང་ཞབས་པ་འགས་ངོ་རྒོལ་བྱེད་ཀྱི་ཡོད། ཕྲུ་གུ་ཚོས་ཀྱང་བོད་ཡིག་ཡག་པོ་མི་ཤེས་པ་དང་། དགེ་རྒན་དང་ཕ་མ་ཚོས་དེར་སློབ་གསོ་བརྒྱག་མི་ཐུབ་པའི་དཀའ་ངལ་ཡོད། སློབ་གྲྭའི་ནང་བོད་ཡིག་ཁག་པོ་འདུག་ཟེར་བ་དེ་སློབ་དེབ་གཅིག་པུས་ནོར་བ་མིན། དགེ་རྒན་ཚོའི་སློབ་ཁྲིད་ཀྱི་ཐབས་ལམ་ཞན་པ་དང་། སློབ་ཕྲུག་ཚོར་མི་རིགས་རིང་ལུགས་ཀྱི་བསམ་བློ་སྤེལ་མི་ཐུབ་པ་དེ་རེད། ཡང་གཅིག་སློབ་གྲྭའི་ནང་ཨིན་ཡིག་གི་དར་གསོ་དང་ཤན་ཤུགས་མང་བའི་རྐྱེན་གྱིས་རེད། གང་ལྟར།  ང་ཚོ་བཙན་བྱོལ་ནང་ཕལ་ཆེ་བས་དཔལ་འབྱོར་བསམ་སྟེ། བོད་སྐད་བཤད་ཐུབ་པ་ཙམ་གྱི་འགྲིག་པ་དང་ཨིན་སྐད་དེ་གལ་ཆེན་པོ་ཡིན་པར་བཤད་བཞིན་ཡོད།
ཕྱོགས་འདི་ནས་ཡང་ང་ལ་ཆབ་སྲིད་ཀྱི་སྐད་ཆ་ཞིག་བསྙད་རྒྱུ་ཡོད། དེ་ཡང་གོ་པལ་པུར་བོད་ཕྲུག་ཁྱིམ་སྡེའི་དམིགས་ཡུལ་ཁག་བདུན་ནི། སློབ་མར་ཕ་མའི་གཅེས་སྐྱོང་དང་བརྩེ་བ་སྤྲོད་ཐབས་བྱ་རྒྱུ་གཅིག བོད་མིའི་ངོ་བོ་དང་རིག་གཞུང་གི་གོ་རྟོགས་བཟང་པོ་འཇགས་ཐབས་བྱ་རྒྱུ་གཉིས། ཀུན་སྤྱོད་དང་། བཟང་སྤྱོད་ཀྱི་རིན་ཐང་སེམས་རྒྱུད་ལ་འཇགས་ཐབས་བྱ་རྒྱུ་གསུམ། ནུས་པ་ལྡན་པའི་རང་ལུགས་ཀྱི་ཤེས་ཡོན་དང་། དེང་རབས་ཀྱི་ཤེས་ཡོན་མཁོ་སྤྲོད་བྱ་རྒྱུ་བཞི། སློབ་གྲྭའི་ནང་སློབ་མ་དབུས་བཞག་གི་ཤེས་ཡོན་སྦྱོངས་ཐབས་ཀྱི་ཁོར་ཡུག་སྐྲུན་ཐབས་བྱ་རྒྱུ་ལྔ་པ། ལུས་སེམས་འཚར་ལོངས་ཡོང་བའི་ཁོར་ཡུག་སྐྲུན་ཐབས་བྱ་རྒྱུ་དྲུག  སྤྱི་འབངས་རང་བཞིན་གྱི་འཇོན་ཐང་ལྡན་པའི་ཆ་རྐྱེན་མཁོ་སྤྲོད་དང་ནུས་པ་ལྡན་པའི་མི་ཚེའི་མདུན་ལམ་དང་འབྲེལ་བའི་གཅེས་སྐྱོང་བཅས་བདུན་པོ་ཡིན།  དམིགས་ཡུལ་དོན་ཚན་ཁག་བདུན་གྱི་གཉིས་པ་སྟེ། བོད་མིའི་ངོ་བོ་དང་རིག་གཞུང་གི་གོ་རྟོགས་བཟང་པོ་འཇགས་ཐབས་བྱ་རྒྱུ། ཞེས་བྲིས་ཡོད། ཕལ་ཆེར་དེའི་བསྟན་དོན་གཙོ་བོ་ནི་ཕ་སྐད་སྲུང་སྐྱོབ་དང་དེའི་གོ་རྟོགས་སྤེལ་ཐབས་རེད་འདུག དམིགས་ཡུལ་དེའི་ཆེད་དུ། སློབ་གྲྭའི་ནང་གནའ་དེང་གཉིས་ཀྱི་གཞས་སྣ་ཁག་འགའ་ཤས་ཤིག་འཁྲབ་སྲོལ་ཡོད། ལས་འཆར་འགའ་ཤས་ཤིག་དུས་ཚོད་འཐུང་ངུ་ནང་བསྒྲུབ་ཟིན་རྒྱུ་དེ་རེད། ཡང་རྒྱལ་ཞེན་བདུན་ཕྲག་ཟེར་བའི་འུག་པའི་ལས་འགུལ་གཅིག་ཡོད། འུག་པའི་ལས་འགུལ་ཟེར་དོན་ནི། ཉིན་མོ་སྔར་རྒྱུན་བཞིན་འཛིན་གྲྭ་ཚོགས་པ་དང་། དགོང་མོའི་ཆུ་ཚོད་གཅིག་རེ་བེད་སྤྱོད་བྱེད་པ་དེ་ཡིན། ཉིན་རེའི་ཆུ་ཚོད་གཅིག་ནང་གཏམ་བཤད་དང་། ཚིག་རྒྱག གཏམ་བརྗོད། གློག་བརྙན། གཞས་སྣ། བཅས་རེད། ཏན་ཏན་དེ་ཚོ་ང་ཚོའི་བོད་མིའི་ངོ་བོ་དང་རིག་གཞུང་གི་གོ་རྟོགས་འཇགས་རྒྱུ་དེ་ཡིན་པ་འདྲ། ཁྱོད་ཚོས་སློབ་ཕྲུག་ཕྱི་མ་རྣམས་ལ་འདི་ལྟར་མཐུད་འཇུག་རྒྱུ་རེད་དམ། ཡང་ན་ཁྱོད་ཚོས་ཁོང་ཚོའི་ཁ་ཕྱོགས་གཞན་ཞིག་ལ་བསྒྱུར་རམ། ཉི་སྟོང་ལོ་ནས་ཉི་སྟོང་ལྔ་བར་དུ་བོད་ནས་སློབ་ཕྲུག་གང་མང་འབྱོར་ཡོད། རྗེས་ཀྱི་ཉིས་སྟོང་དྲུག་ནས་ད་བར་དུ་བོད་ནས་གསར་དུ་འབྱོར་བ་ཧ་ཅང་ཉུང་ཉུང་ཡིན། ད་ལྟ་བོད་ཁྱིམ་ནང་འཚང་འོང་བ་ནི། ཧི་ལ་ལ་ཡ་ས་ཁུལ་དང་སི་ཀིམ་ཁག་ནས་འོང་བ། བལ་ཡུལ་པོག་ར་ནས་འོང་བ། གཞི་ཆགས་ཁག་གི་སློབ་ཕྲུག་རྣམས་ཚུར་སྤོས་འོང་བ། དེ་བཞིན་བོད་རིགས་ཕྱི་རྒྱལ་བ་དང་གཉེན་སྒྲིག་བྱས་པའི་ཕྲུ་གུ་དང་། གཞི་ཆགས་ཁག་ནས་ཚར་ལོངས་བྱུང་བའི་ཕྲུ་གུ་སོགས། བོད་སྐད་མི་ཤེས་པ་དང་བོད་སྐད་མ་དག་པ་མང་པོ་ཞིག་ཡོད། དེ་ཚོ་ང་ཚོས་གང་འདྲ་བྱས་ཏེ་གསོ་སྐྱོང་བྱེད་དམ། དེ་ཚོས་བོད་སྐད་ལས་ཨིན་ཇིའི་མིང་ཚིག་མང་བ་བཤད་པ། དེ་ཚོ་ལོ་ལྟར་ཕྱི་རྒྱལ་ཁག་ནས་བོད་ཕྲུག་བོད་སྐད་སྦྱོང་བརྡར་སྤྲད་མཁན་དང་འདྲ་པོ་ཡོད། དེ་ཚོའི་ཆེད་དུ་ང་ཚོས་ཕྱི་གླིང་གི་སྐད་ཡིག་དེ་ཚོའི་བསམ་བློ་སྤེལ་རྒྱུ་མེད། དེ་ཚོར་མི་རིགས་རིང་ལུགས་ཀྱི་སློབ་གསོ་གང་ཐུབ་བཤད་དགོས། རྒྱུ་མཚན་ནི། དེ་ཚོས་བོད་སྐད་དག་མ་བཤད་མི་ཤེས་པ་དང་།  བོད་སྐད་གསལ་བོ་ཞིག་གོ་མི་ཐུབ་པ། བོད་ཀྱི་གནས་སྟངས་ཡང་དེ་ཙམ་དུ་མི་ཤེས་པ། སོགས་ཀྱི་དཀའ་ངལ་མང་དག་ཞིག་ཡོད་པས་ཡིན། ང་ཚོས་ཁོང་ཚོར་ཐོག་མར་ཉིད་ནས་བོད་ཡིག་འདི་ཁག་པོ་བཟོ་འཇུག་རྒྱུ་མེད། ཐབས་ཤེས་སྣ་མང་དང་རྣམ་དཔྱོད་ཡང་དག་གིས་བསླབ་དགོས། ཤེས་རིག་ནས་སྐད་ཡིག་ཀློག་དེབ་ཀྱང་ནང་ཆོས་དཔེ་དེབ་ལྟར་བསྐྲུན་ཡོད། ཡིན་ན་ཡང་དགེ་མཚན་གཅིག་ལ་དེ་ཚོའི་མིང་ཚིག་རྣམས། བསྟན་བཅོས་ཀྱི་མིང་ཚིག་གཙོ་བོར་བྱས་ཡོད་པས། དེའི་ཚིག་གི་ནུས་པ་དང་བསྟན་དོན་དེ་མ་སྐད་རང་གིས་འགྲེལ་དགོས། ཡང་དེང་སང་བསྟན་བཅོས་ཀྱི་ཚིག་འགྲེལ་བོད་སྐད་ནང་བཤད་མི་ཐུབ་པ་དང་། སློབ་ཕྲུག་ཚོས་ཨིན་ཡིག་ནང་བཤད་ན་མགོ་ཅོག་ཅོག་གིས་ཤེས་ཁུལ་བྱེད། དེའི་སྐྱག་ལངས་དེ་དེང་སང་གི་སློབ་ཁྲིད་ནང་གསལ་བོ་འདུག ཡང་ཐ་སྙད་མང་པོ་ཞིག་ཁ་དང་ཡིག་ཐོག་ནས་ཚིག་འགྲེལ་མེད་པར་ལག་པས་འགྲེལ་བཤད་བྱེད། ཕལ་ཆེར་གཞིས་ཆགས་པའི་སློབ་ཕྲུག་ཚོར་དེ་འདྲ་ཞིག་སློབ་ཁྲིད་བྱེད་རྒྱུ་ཡིན་ས་རེད། མི་རིགས་ལ་ཤ་ཚ་དང་འགན་ཁུར་ཡོད་མཁན་ཞིག་ཡིན་ན། སློབ་གསོའི་ཁ་ཕྱོགས་བསྒྱུར་དགོས་པ་ཡིན། ཕྲུ་གུ་དེ་ཚོའི་ཕ་མ་རོང་འབྲོག་གི་མི་མིན་པར་དེང་རབས་ཅན་ཞིག་ཡིན་ཁུལ་རེད་། དེ་བས་ཕྲུ་གུ་ཚོར་རང་ཉིད་ཀྱི་སློབ་གསོ་གང་ཐུབ་སྤེལ་དགོས། ཕ་མ་འགའ་ཤས་ཤིག་གི་རང་ཉིད་དགེ་རྒན་ཡིན་ནའང་། ཕྲུ་གུར་རང་དབང་གི་ཚར་ལོངས་ཙམ་ལས་སློབ་གསོ་ཅི་ཡང་མི་བྱེད་མཁན་ཡོད། དེ་ཚོར་ངས་དམིགས་བསལ་སྡང་མིག་བྱེད་ཀྱིན་དུ་བཤད་ཀྱི་ཡོད། ངས་བོད་ཡིག་མི་ཤེས་ན་འགྲོ་འོང་ལ་དཀའ་ངལ་སྤྲད་ཀྱི་རེད་སྨྲ་བ་མིན། འགྲིམ་འགྲུལ་དང་སྒེར་དོན་འཚོ་གནས་ཀྱི་ཆེད་དུ་སྐད་ཡིག་ཅི་བཀོལ་སྤྱོད་བྱེད་ཀྱང་ཆོག འོན་ཀྱང་། ངས་འདིར་བཤད་པ་ནི་ཁྱེད་རང་གི་ཤ་རུས་གདོང་དམར་ལས་སྐྱེས་ཤིང་།  ནམ་ཞིག་གི་བར་དུ་རང་ཉིད་བོད་རིགས་ཀྱི་ངོ་བོ་ཡིན་པས། ཁྱོད་ཚོས་བོད་སྐད་བཤད་དགོས་པ་གསལ་སྟོན་བྱེད་ཀྱི་ཡོད། ཁྱེད་ཚོས་ཀྱང་ང་ཚོས་ཕ་སྐད་གཙང་མ་བཤད་མཁན་ཚོ་དང་། ཕ་སྐད་ཀྱི་ལས་འགུལ་བ་དག་ལ་རོགས་སྐྱོར་བྱེད་དགོས་སོ།
མཚམས་འདི་ནས་རང་གི་མྱོང་བ་ཞིག་བཤད་ཀྱིན་ཡིན། ཕ་སྐད་ཀྱི་ལས་འགུལ་བ་ཚོར་རྒྱབ་བསྐྱོར་བྱེད་མཁན་མེད། ང་གཞི་རིམ་སློབ་གྲྭར་ཡོད་དུས་ཚོགས་པ་འདི་ཉིད་ཡོད། ཕ་སྐད་དྭངས་བླངས་ཚོགས་པ་དང་། གཟའ་ཉི་མའི་ཁ་བརྡ། འདི་ཚོ་དངོས་གནས་ཉིན་མོ་རླབས་ཆེན་ཞིག་རེད། བསམ་བློ་ཡོད་པའི་ལས་འགུལ་རེད། དམིགས་ཡུལ་ཡོད་པའི་བྱ་བཞག་ཞིག་རེད། སྤྱི་འབངས་ལ་ཕན་པའི་བྱ་བ་རེད། བོད་ཀྱི་མི་སེར་ངོ་མ་དེ་ཁོང་ཚོ་རེད། ཁོང་ཚོར་བོད་རིགས་ཀྱི་ཁྱད་ཆོས་ཚང་བ་རེད། ཁོང་ཚོས་སྐད་ཡིག་གི་འགན་འཁྲི་བླངས་ཡོད། དངོས་གནས་ཁོང་ཚོའི་སེམས་ནི་བོད་པ་དང་ཁོང་ཚོའི་སྐད་ནི་བོད་སྐད་རེད། ཁོང་ཚོས་ལས་འགན་འདི་ཁུར་ཐུབ་པ་སྤོབས་པ་བྱེད་དགོས། རྐུབ་སྟེགས་ཐོན་པོ་འཛུགས་མཁན་དེ་ཚོས། དུས་རབས་དང་མཐུན་པའི་གསར་གཏོད་ཞིག་ཡིན་ཁུལ་བྱས་ནས། བོད་པ་གཙང་མ་འདུས་པའི་སློབ་གྲྭ་ནང་ཨིན་ཡིག་གི་ཤན་བཅུག་གི་ཡོད། ང་ཚོའི་སློབ་གྲྭའི་རྭ་བ་འདི་འདྲ་ཞིག་རེད།  ཨིན་ཡིག་གི་མིང་ཚིག་གཙོ་བོ་བཞི་གྱང་ལྡེབས་ན་ཡོད།  ངས་འདི་ཕ་སྐད་བསྐྱུར་ཐབས་ཀྱི་ལས་འགུལ་གཅིག་རེད་བསམ་གྱི་ཡོད། ཨིན་ཇི་ཤོད། Speak English ཨིན་ཇི་བྲིས། Write English ཨིན་ཇི་ཀློག Read English  ཨིན་ཇི་སོམས། Think English མིང་ཚིག་བཞི་པོ་འདི་སློབ་གྲྭ་ཆེ་འབྲིང་གཉིས་ན་ཡོད། ལྷག་པར་སློབ་གྲྭར་དུ་སློབ་གྲྭ་ཆེ་བའི་སྒོ་ཁྱམས་ཀྱི་རྩིག་ལྡེབས་ན། ཨིན་ཡིག་ཐོག་ཡིག་ཆེན་དམར་པོ་ཞིག་གིས་༼ཨིན་ཡིག་བཤད་པའི་གླིང་༽ ཞེས་བྲིས་ཡོད། གོམ་པ་རེའི་བར་དང་སྐད་ཆ་རེའི་ཚིག་ནང་ཨིན་སྐད་ཐོན་དགོས། སྐབས་རེར་གཡས་གཡོན་དུ་བོད་སྐད་བཤད་མིན་དུ་ཉན་མཁན་ཡོད། སྣ་བ་ཀྲོང་ཀྲོང་གིས་མི་དེ་ཚོར་ཚིག་ཙུབ་རེ་བཤད་ནའང་ནོར་མེད། ཕ་སྐད་གཙང་མའི་འགན་འཁྲི་ཤེས་མཁན་ཞིག་ཡིན་པ་དང་། ཕ་སྐད་ལ་རྣམ་དག་གི་སྲིད་ཞུ་སྒྲུབ་མཁན་ཞིག་ཡིན་ན། དེ་ཚོ་མཐོང་དུས་སྙིང་གི་འཕར་ཚད་རིམ་གྱིས་བརྗེ་འགྲོ་བ་ཡིན།
ཨིན་སྐད་བཤད་རྒྱུའི་དེང་རབས་གསར་བའི་ན་ཚ་དེ། དུས་ཚོད་གཅིག་ནས་ཧ་ཅང་གི་ཁྱབ་བརྡལ་ཕྱིན་སོང་། དཔུང་རྟགས་གྲུ་བཞི་དེ་འཛུལ་བཞུགས་མི་སྣའི་ངོ་སྤྲོད་ཡིན། དཔུང་རྟགས་མེད་མཁན་ཧ་ཅང་གིས་ཉུང་ཉུང་རེད། དཔུང་རྟགས་མེད་མཁན་ཚོར་ལྟ་སྟངས་ཡང་དམིགས་བསལ་རེད། དམིགས་བསལ་དེ་ཡང་སོ་བ་དང་འདྲ་བའི་སྡང་འཛིན་རེད། ཡང་སྡང་འཛིན་དེ་ནས་སྐད་ཆ་འདི་ཚོ་འོང་། མི་ཆེ་ཆུང་མེད་པར་བཀའ་སྐྱོན་ཉན་རྒྱུ་ཞིག་ཆགས་ཟིན། རྐྱེན་དེས་ངས་ངོ་སྤྲོད་ཁ་གསལ་ཞིག་སྤྲད་ཐུབ་པ་ནི། དགེ་རྒན་ཚོའི་རྒྱབ་ནས་བསྐྱོད་ན་གོམ་པ་ལྷོད་དུ་སྤོ་བ་དང་། དགེ་རྒན་ཚོའི་ཟུར་ནས་འགྲོ་ན་མགོ་བསྒུར་ནས་འགྲོ་དགོས་པ། དགེ་རྒན་ཚོའི་མདུན་ནས་འགྲོ་ན་གོམ་སྟབས་སྤར་དགོས་པ། འདི་འདྲའི་ཚབ་ཚུབ་ཀྱི་འཚོ་བ་ཞིག་ང་ལ་ཡོད། དེའི་རྒྱུ་མཚན་ནི་ངས་སློབ་གྲྭའི་ལས་འགུལ་དེར་དང་ལེན་བྱས་མ་མྱོང་། སློབ་ཁང་ནང་དགེ་རྒན་དང་སློབ་ཕྲུག་གི་གླེང་སྟེགས་གཙོ་བོ་ཨིན་ཇི་ཡིན། སྒོར་མོ་གཅིག་རེ་དེ་ཨིན་ཇི་མ་བཤད་མཁན་ཚོས་སྤྲད་དགོས་པ་ཡིན། ཁྲིམས་ཐོག་ནས་བཤད་ན་དེ་སློབ་ཕྲུག་ཚོར་མཐོང་ཆུང་བྱས་ཡོད། ཁོང་ཚོས་བཤད་ན་ལས་དོན་དེའི་དམིགས་ཡུལ་ནི། ང་ཚོའི་འཚོ་བའི་ནང་གི་དཀའ་ངལ་སེལ་ཐབས་ཡིན་པར་བཤད། འོན་ཀྱང་། ལས་འགུལ་དེ་སྐད་ཡིག་རྩ་གཏོར་བྱེད་པའི་ལས་འགུལ་གཅིག་རེད་འདུག ད་དུང་ཡང་ཁྱོད་ཚོས་སྒོར་མོ་དེ་བརྒྱ་ཆར་བསྒྱུར་སོང་། སློབ་མ་ཚོས་རྒྱ་ཆར་མི་དགའ་བ་ཞིག་ག་ན་ཡོད། རྒྱ་ཆའི་ཆེད་དུ་ནམ་རྒྱུན་དང་མི་འདྲ་བར་བོད་སྐད་བཤད་མཁན་ཉུང་དུ་ཕྱིན་སོང་། དེ་ཚོས་ཁྱོད་ཚོའི་དམིགས་ཡུལ་འགྲུབ་སྲིད་ནའང་བོད་རྒྱལ་ཁབ་ཀྱི་དམིགས་ཡུལ་ག་ལ་བསྒྲུབ་ཐུབ། གཞིས་ལུས་བོད་མིའི་རེ་བ་བཙན་བྱོལ་བ་ཚོར་བཅོལ་ཡོད་ཟེར། འོ་ན། ཁོང་ཚོའི་རེ་བ་བསྒྲུབ་མཁན་གྱི་བཙན་བྱོལ་བ་དེ་སུ་རེད། སྦྱིན་བདག་མགོ་སེར་དང་རྒྱ་གར་དཔོན་པོ་དེ་ཚོ་རེད་དམ། ཁྱོད་ཚོས་ལས་ཀའི་ཁ་ཕྱོགས་དེ་ངེས་པར་དུ་བསྒྱུར་དགོས། དེ་རིང་ངས་འདིར་གོ་པལ་པུར་གྱི་འགྲོ་སྟངས་ཙམ་བཤད་པ་ཡིན། གོ་པལ་པུར་དང་སུ་ཇ་ཟེར་བ་གཉིས་ཤེས་ཡོན་ཐོག་བྱ་དགའ་སྤྲོད་ས་རེད། མི་མང་ཚོས་ཀྱང་རང་གི་ཕྲུ་གུ་སློབ་གྲྭ་དེར་ཚུད་པར་གོ་སྐབས་དམ་འཛིན་བྱེད། དེའི་རྒྱུ་མཚན་ནི་རྔ་སྒྲ་རྒྱང་ནས་ཉན་ན་སྙན་པོ་དང་འཁྲིས་ནས་ཉན་ན་མི་སྙན་པ་དེ་རེད། རྐུབ་སྟེགས་སོབ་སོབ་ནས་བབས་སྟེ་དམའ་སར་ལྟ་བསྐོར་བྱེད་ན་ཤེས་ངེས།  དེང་སང་ཤེས་རིག་གི་སློབ་གྲྭ་ཁག་ལ་བལྟ་སྟངས་དེ་ཧོར་རྟ་བཞོན་རེད། ཐག་རིང་པོ་ནས་བལྟ་ཙམ་བྱས་པ་ལས་ཞིབ་ཚགས་པོ་བྱས་ནས་བལྟ་རྒྱུ་མེད་པ་ཞིག་རེད། དེ་བས་བོད་ཁྱིམ་ཁག་གཞན་པ་ལ་ཨིན་ཇིའི་སློབ་གྲྭ་ལབ་ན་ཆོག་གམ། བོད་ཡིག་གི་གནས་ཚད་ང་ཚོ་ལས་ལྡབ་འགྱུར་གྱིས་ཞན་པ་ཡོད།  དེ་ངའི་ལྟ་ཚུལ་དང་དོགས་སློང་གལ་ཆེན་ཞིག་ཡིན། ཚང་མས་དེ་ཚོར་ལྟ་བསྐོར་དང་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་ཡིན། དགོན་པའི་ཁྱི་ལ་ཞུས་ན་བླ་མའི་ཐུགས་ལ་ཕོག་པ་དང་གཞུང་ལམ་ཁྱི་ལ་ཞུས་ན་གྲོང་པའི་མི་ལ་ཕོག་འགྲོ་བའི་སྐྱོན་མང་པོ་འདུག་པས་དེར་བསམ་གཞིག་གི་ས་བོན་ཙམ་དུ་བཞག་པ་ཡིན།
དྲུག་པ། བོད་ཕྱི་ནང་གཉིས་ཀྱི་གསར་གཏོད་ལ་བོད་རིགས་ཤུགས་ལྡན་དང་ཁ་ཆེའི་གནོད་ཤུགས་ཡོད་པ་ངེས་གཏན་རེད།
དེ་རིང་ཁ་སང་གི་སྤྱི་ཚོགས་ནང་བོད་རིགས་ཤུགས་རྟེན་གྱི་སྐུ་མདུན་གྱི་སྐུ་ཕྱགས་ལ་ཉེན་ཁ་ཡོད་པ་དང་། བོད་རིགས་ཁ་ཆེ་བ་རྣམས་ཀྱིས་ནང་པའི་གསར་གཏོད་ལ་འགོག་རྐྱེན་མང་བ་བཟོ་བ་དེ་གཙོ་བོ་གཅིག་ཡིན། ཨ་རི་བོད་ཀྱི་དམངས་ཁྲོས་ཁ་བརྡའི་བསྙན་འཕྲིན་ཁང་ནས། “ཏཱ་ལི་བླ་མའི་ཕྲག་དོག་གིས་དབང་གི་རང་གི་ཡོངས་འཛིན་ཉི་ཟླ་སྐར་གསུམ་ལ་ངོ་ལོག་བྱས་པ་དང་། གཞན་ལ་བྱས་བཅུག་དང་བཅུག་བཞིན་པ། གཞན་ལ་ངན་བསྐུལ་བྱས་པ་དང་ཁྱབ་སྒྲགས་བྱས་པ། མདོར་ན་རྫུན་བཤད་ནས་རང་གི་བླ་མར་དམའ་འབེབས་དང་སྐུར་འདེབས། བླ་མའི་བཀའ་སྲུང་སྲིད་དོན་དུ་བེད་སྤྱོད་གཏང་བ་རེད།” ཞེས་མ་རབས་ཀྱི་སྐད་ཆ་ཤུགས་རྐྱེན་ཞིག་སྤྱི་ཚོགས་གང་སར་སྤེལ་གྱི་ཡོད། “རང་རྒྱུད་ཀྱི་བསྟན་པ་རང་གིས་བཤིག་པ་མ་གཏོགས། ། ཕྱིའི་བསྟན་པ་སུས་ཀྱང་བཤིག་མི་ནུས། །”ཞེས་པ་ལྟར། དེ་ཚོས་རྒྱལ་བའི་བཀའ་ལ་མི་བརྩི་བ་དང་། དགག་སྒྲུབ་ཀྱི་འགྲེལ་ལོག་བྱེད་པ་ཡིན། དེ་ཚོས་བསམ་བཞིན་དུ་འདི་ལྟར་བྱེད་པ་ནི་གཙོ་བོ་དཔལ་འབྱོར་གྱི་ཡིན་གྱིས་རེད། དཔལ་འབྱོར་གྱི་ཆེད་དུ་རང་གི་སྤུན་ཟླ་བསད་པ། མེས་པོའི་གདོང་སྤགས་ཤུས་པ། ལམ་ནོར་བར་འགྲོ་བ་ནི་ཇི་འདྲའི་ཐབས་སྡུག་རེད། ༧སྤྱི་ནོར་གོང་ས་སྐྱབས་མགོན་རིན་པོ་ཆེ་ནི་འཛམ་གླིང་ཞི་བདེའི་བདེ་དཔོན། ནང་པའི་ཆོས་ལུགས་ཀྱི་དབུ་ཁྲིད་ཞིག་སྟེེ། འཛམ་གླིང་ཐམས་ཅད་ཀྱི་མི་མང་ཚོས་གློ་སྙིང་བྲང་གསུམ་བལྟས་ཐུབ་ཀྱི་ཡོད། འོན་ཀྱང་། དེ་རིང་ཁ་སང་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཕེབས་སྐབས་སྐུ་སྲོག་བདེ་འཇགས་བྱེད་དགོས་པ་ཞིག་ཆགས་ཡོད། དེའི་རྒྱུ་མཚན་གཙོ་བོ་ནི། ཤུགས་ལྡན་བསྟེན་མཁན་ཚོས་༧སྐུ་མདུན་གང་སར་ཕེབས་ཀྱང་། དེའི་མཇུག་དུ་གསར་བཀོད་པ་ལྟར་གང་སར་འགྲོ་ཐུབ་པ་བྱེད་ཀྱི་ཡོད་ལ། གང་སར་སྦྱར་ཡིག་རྫུན་མ་དང་ཚིག་རྩུབ་སྨྲ་བ་བཅས་བྱེད་ཀྱི་ཡོད། ཁོང་ཚོས་ཤུགས་ལྡན་དེ་འཇམ་མགོན་རྒྱལ་བའི་བསྟན་སྲུང་ཞེས་སྐད་ཆ་བཤད་ཀྱི་ཡོད། འོན་ཀྱང་། དོལ་རྒྱལ་ནི་ལྷ་དང་སྲུང་མ་གང་ཡང་མིན་པར་མི་ཤི་བཙན་སྐྱེས་ཀྱི་དམ་སྲི་འབྱུང་པོ་ཞིག་ཡིན་པ་དོལ་རྒྱལ་རང་ཉིད་ནས་ཁས་བླངས་ཡོད། དེར་རྒྱ་ནག་དམར་གཞུང་གིས། ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཁག་ལ་རྒྱབ་སྐྱོར་དང་། ལྷག་པར་དུ་བོད་ཕྱི་ནང་གཉིས་ལ་དངུལ་གྱི་རོགས་རམ་བྱེད་པ། དོ་རྒྱལ་དགོན་པ་གསར་བཞེངས་དང་དར་སྤེལ་བྱེད་པ། སྐྱ་སེར་ཕོ་མོ་རྣམས་ལ་ངན་སྐུལ་དང་བསམ་བློ་སྤེལ་བ། མི་བསད་པ་སྟེ། མཚན་ཉིད་སློབ་དཔོན་དང་། ཁོང་གི་དགེ་ཕྲུག་གྲྭ་པ་གཉིས། མཚན་ཉིད་སློབ་དཔོན་ལ་གྲི་༡༦ བརྒྱབ་ནས་བསད་ཡོད་པ་བཅས་ཡིན། གནས་དོན་དེའི་ཐོག་༧གོང་ས་མཆོག་གིས་རང་དབང་གིས་གདམ་ག་ཞིག་གནང་ཡོད་པ་ནི། “ངོས་ནས་བཙན་དབང་ཤོད་ཀྱི་མེད། དེ་ཡང་མང་མོས་ཀྱི་བརྒྱ་ཆ་ ༦༠ ཡན་གྱི་དོལ་རྒྱལ་བསྟེན་གྱི་ཡིན་ཞེས་བརྗོད་ན། ཉིན་དེ་ནས་བཟུང་ངོས་ཀྱིས་དོལ་རྒྱལ་སྐོར་ལ་ཚིག་གཅིག་བཤད་མི་ཡོང༌། མང་མོས་ཀྱི་ཐོག་ནས་བརྒྱ་ཆ་ ༦༠ ཡན་གྱི་དོལ་རྒྱལ་བསྟེན་གསོལ་བྱེད་ཀྱི་ཡིན་ཞེས་དང༌། དོལ་རྒྱལ་བསྟེན་མཁན་དང་ཆོས་དང་ཟང་ཟིང་གི་སྐལ་བ་མཉམ་སྤྱོད་བྱེད་འདོད་ཡོད་པའི་མང་མོས་བྱུང་ན། དེ་ཡང་སོ་སོའི་རང་དབང་ཡིན་པས་ལགས་སོ་བརྗོད་རྒྱུ་ལས་གང་ཡང་མེད།”ཞེས་གསུངས་ཡོད། འོན་ཀྱང་སྐབས་དེ་དུས་ཤུགས་ལྡན་ཚོས་ལག་པ་རྐྱང་ཕོད་པ་མེད་པ་འདྲ། ཤུགས་ལྡན་བསྟེན་མཁན་མང་པོ་ཞིག་རྒྱ་ནག་དམར་གཞུང་གི་དཔལ་འབྱོར་ལ་མགོ་འཁོར་སོང་བ་རེད་འདུག དཔལ་འབྱོར་ལ་དགའ་དྲགས་པས་ལྷ་སྲུང་བསྟེན་སྟངས་ནོར་སོང་བ་ཡང་ཤེས་ཀྱི་མེད། རྒྱ་ནག་གིས་ལྷ་ཁང་འདུ་ཁང་ས་ལ་སྦྱར། སེར་སྐུ་དངུལ་སྐུ་ཆུ་ལ་བསྐུར། གསུངས་རབ་གསུངས་འབུམ་རླུང་ལ་བསྐུར། འོན་ཀྱང་དེ་རིང་ཁ་སང་། དོ་རྒྱལ་བ་ཚོའི་ཆེད་དུ་དགོན་གསར་བཞེངས་དང་རྒྱབ་བསྐྱོར་བྱེད།  མཚམས་འདི་ནས་ང་ཚོས་དོ་རྒྱལ་དང་རྒྱ་ནག་རྣམས་སྙིང་དང་སྙིང་། ཁ་དང་ཁ། ལག་དང་ལག་མཐུན་ཡོད་པ་ཤེས་དགོས།
དེང་སང་བོད་ཕྱི་ནང་གང་སར་ཤུགས་བརྟེན་དགོན་པ་ཇི་མང་དུ་ཕྱིན་ཡོད། དཔེར་ན། མདོ་སྨད་ལྷ་མོ་གསེར་ཁྲི་དགོན་དང་། ཆབ་མདོ་དགོན་པ། སྨར་ཁམས་ཁུལ་གྱི་དགོན་པ་དེ་འདྲ། བྲག་གཡབ་ཁུལ་གྱི་དགོན་པ།  ཤར་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གྲ་ཚང་། སེར་སྤོམ་ཐོས་བསམ་ནོར་གླིང་གྲྭ་ཚང་། གྲོ་མོ་དུང་དཀར་མགོན།  གདན་ས་ཆེན་པོ་ཤར་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་། སེར་སྤོམ་ཐོས་བསམ་ནོར་གླིང་གྲྭ་ཚང་། རྡོ་རྗེ་གླིང་བསམ་བསྟན་ཆོས་གླིང་། བལ་ཡུལ་དགའ་ལྡན་འཕེལ་རྒྱས་གླིང་། བལ་ཡུལ་དཔའ་ལྡན་སྲད་རྒྱུད་གྲྭ་ཚང་། དཔལ་ལྡན་སྲད་རྒྱུད་གྲྭ་ཚང་། གཉའ་ནང་དགའ་ལྡན་འཕེལ་རྒྱལ་གླིང་། དགའ་ར་མཉམ་དགོན། ར་ཤིས་ཀླུང་ཤུགས་དགོན། མདའ་མ་དགོན་གསར་དགོན། རྒྱལ་ཐང་སྲུང་བཙོན་གླིང་། ཆ་ཕྲིང་དགའ་ལྡན་བསམ་འཕེལ་གླིང་། འདབ་ཡང་སྟེང་བདེ་ཆེན་གླིང་། གང་དཀར་རྣམ་རྒྱལ་གླིང་། སྣང་བཟང་དགོན། རི་བོ་ལྕམ་ཟམ་དགོན། ནམ་ཆུ་བཀའ་མདའ་དགོན། ལྷ་མོ་གསར་ཁྲི་དགོན། མདོ་དགོན་བཤད་སྒྲུབ་གླིང་། སྒྲུབ་ཐབ་དགོན། དངུལ་ཆུ་དར་རྒྱས་དགོན། མི་མཉམ་ལྕི་ལེ་དགོན། ལི་ཐང་སྣ་པོ་དགའ་ལྡན་ལྷུན་འགྲུབ་གླིང་། ཡུན་ནན་དགྲ་མེད་དགོན། ཤོག་དྲུག་རཱ་རྟག་དགོན། དཔལ་འབར་ལྕག་ར་དགོན། སྟིང་ཆེན་དཀྱིལ་འཁར་དགོན། སོ་རྫོང་ནང་རོང་པོ་རབ་རྟེན་དགོན། ཆབ་མདོ་དགོན་པ། སྨར་ཁམས་ཁུལ་གྱི་དགོན་པ། བྲག་གཡབ་ཁུལ་གྱི་དགོན་པ། བཅས་ཧ་ཅང་གི་མང་བ་ཞིག་ཡོད་ཁྱལ་བརྡལ་དུ་སོང་འདུག ནང་པའི་ཆོས་ལུགས་འདི་ནི་མེས་པོ་ཚོས་ཆེས་སྔ་མོ་ནས་རྣམ་དཔྱོད་དང་དགག་སྒྲུབ་གལ་ཆེན་དུ་བརྩི་བར་བརྟེན། ད་ལྟ་ཡང་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་༧རྒྱ་བ་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་བཞི་པས། འགྲོ་བ་ཡོངས་ཀྱི་དོན་དུ་མིའི་རྣམ་སྤྲུལ་དུ་བཞུགས་ནས་ཕན་པ་མཛད། ལམ་མ་ནོར་བ་དང་ཐབས་མི་འཆུག་པར་ནང་པའི་མཛངས་དང་དཀྱེལ་ལྟ་བུར་འགྱུར་བའི་བསྟན་པ་འདི། འཛམ་གླིང་གི་ས་ཕྱོགས་གང་སར་དར་འཕེལ་དུ་སྤེལ་ཞིང་ཡོད་མོད། འོན་ཀྱང་། དུས་རབས་བཅུ་དགུ་པ་དང་། དུས་རབས་ཉི་ཤུའི་ནང་མི་མང་ཚོས་ནང་ཆོས་ཟེར་བ་དེ། སྨོན་ལམ་རྒྱག་རྒྱུའི་ལམ་སྲོལ་ཞིག་དུ་བརྩི་བ་དང་། སྐུ་གསུངས་ཐུགས་རྟེན་མང་བ་ཞིག་ཡོད་པ། བསྐོར་བ་འགྲོ་མཁན་མང་བ་ཞིག་ཡོད་པ། འདུ་ཁང་དང་ལྷ་ཁང་ཆེ་བ་ཞིག་ལ་བརྩེ་སྲོལ་འདུག དེར་༧གོང་ས་མཆོག་གི་ཀྱང་། “ང་ལ་སེམས་ཁྲལ་གཅིག་འདུག ངས་འཛམ་གླིང་འདིའི་ཐོག་བོད་མི་རིགས་ཞེས་པ་འདིས་སྨོན་ལམ་ཞིག་བརྒྱབ་ཀྱང་མ་རྒན་སེམས་ཅན་ཐམས་ཅད་ཅེས་བརྗོད་པ་དང། དངོས་གནས་སེམས་པ་བཟང་པོ་དང་སྙིང་རྗེ་ཡོད་པ། དྲང་པོ་དྲང་བཞག་བྱེད་མཁན་ཞིག་ཡོད་ཅེས་ཁ་ཀེར་ཀེར་བྱས་ནས་ཤོད་ཀྱི་ཡོད།”ཟེར་བ་ལྟ་བུ་རེད།
བདུན་པ། མཇུག་བསྡུ་བ།
བོད་མིའི་སྤྱི་ཚོགས་ནང་རྒན་དར་གཞོན་གསུམ་ཐམས་ཅད་གསར་གཏོད་ལ་དགའ་ཞིང་། གསར་གཏོད་ལ་བློ་ཁ་ཕྱོགས་མཁན་ཧ་ཅང་གིས་མང་བ་རེད། དེ་ནི་དཔལ་འབྱོར་གྱི་བག་ཆགས་རེད་ཟེར་ན་འགལ་བ་མེད་ལ། འགལ་བ་ཡོད་ཀྱང་མི་སྲིད། དེ་རིང་ཁ་སང་བོད་པ་མང་ཆེ་བ་ཞིག་དཔལ་འབྱོར་གྱི་བསླུ་འགྲོ་བ་ནི་མཐོང་ཆོས་སུ་སྣང་མོད། དཔལ་འབྱོར་འདིས་བོད་མི་རིགས་ཙམ་དུ་མ་ཟད་འཛམ་གླིང་གི་མི་མང་པོ་ཞིག་གི་སེམས་བསླུ་འགྲོ་བཞིན་ཡོད། དེ་ལྟར་སེམས་བསླུ་འགྲོ་བས་ཐམས་ཅད་ཀྱི་གདོང་སྤགས་ཤུས་ནས་སྤྱོད་ངན་བརྩམ་ཤིང་། སུ་ཞིག་ལ་བསྟུན་མི་དགོས་པ་དང་སུ་ཞིག་ལ་གུས་མི་དགོས་པ་འདི་ཡིན། དེ་ཙམ་དུ་མ་ཟད་དེང་སང་གི་ཡར་ཐོན་དུ་འགྲོ་བཞིན་པའི་ཚད་འགག་འདི་ཡང་དཔལ་འབྱོར་གྱི་བྱེད་པས། དཔལ་འབྱོར་གྱི་རིག་གནས་གོང་འཕེལ་ལ་གནོན་ཤུགས་ཆེན་པོ་བསྐྲུན་ཐུབ་ཀྱིན་ཡོད། ལུང་པ་གཅིག་ནང་སྟོབས་ཆེན་རྒྱལ་ཁབ་གཅིག་གི་མ་སྐད་སྦྱང་དགོས་པ་འདི་ཡང་། དཔལ་འབྱོར་གྱི་དམིགས་རྐྱེན་གཙོ་བོ་ཞིག་ཡིན། ཆེ་ས་རྒྱ་གར་ནང་ཨིན་ཇི་དེ་གཙོ་བོ་བྱས་ནས་སྦྱོང་དགོས་པ་དང་། བོད་ནང་རྒྱ་ཡིག་དེ་གཙོ་བོར་བྱས་ནས་སྦྱོང་དགོས་པ་དེ་ཉིད་ཡང་།  གཙོ་བོ་དཔལ་འབྱོར་དང་ཤུགས་ཀྱི་ཆབ་སྲིད་ཞིག་བསྐྲུན་ཡོད་པ་ཡིན། དེ་ཚོ་བསམ་ཞིང་ང་ཚོས་ཕན་ཚུལ་ལ་བསམ་ཚུལ་བརྗེ་རེས་དང་སྙིགས་དོར་བཅུད་ལེན་བྱེད་པའི་བསམ་བློ་ཞིག་ངེས་པར་དུ་དགོས། ལྷག་པར་དུ། སྐད་ཡིག་ནུབ་འགྲོ་བ་དང་མི་རིགས་འཆི་འགྲོ་བའི་བར་ནས། ཕུ་ནུ་གཉིས་ཀྱི་འདི་ལྟར་གྱི་འགན་འཁུར་ཞིག་བླངས། ཕུ་ནུ་གཉིས་ཀྱིས་ཤེས་ཡོན་སྲིད་འཇུས་ལག་བསྟར་བྱས་པ་འདི་གསར་གཏོད་ཞིག་ཡིན་ཀྱང་ཆོག་ལ། གཙོ་བོ་མི་རབས་གཅིག་གི་འགན་འཁུར་གྱི་བྱ་བ་ཞིག་རེད། ཕ་སྐད་ཀྱི་སློབ་གསོ་དང་ཕ་སྐད་ཀྱི་ལམ་ནས་སློབ་ཁྲིད་བྱེད་པ་ནི་ཤུལ་གྱི་བྱ་བ་ཞིག་རེད། དེར་གསར་གཏོད་ཟེར་ན་ཞོ་ལ་སྐྱུར་རྩི་བཏབ་པ་བཞིན་ངོ་བོ་གཞན་ཞིག་ལ་འགྱུར་འགྲོ་བ་ཡིན། ཅི་ལྟར་ཡིན་རུང་། གོང་གི་བྱ་བ་དེས་ཕུ་ནུ་གཉིས་ཀྱི་མི་རིགས་འདི་ཉེན་ཁ་ལས་བསྐྱབས་ཟིན་པ་ཡིན། འོན་ཀྱང་། དེང་སང་ཁ་མཁས་པོ་ཙམ་ལས་སྐད་ཡིག་བདག་པོ་མི་རྒྱབ་མཁན་ཧ་ཅང་གི་མང་བ་རེད། ང་ཆོའི་གླེང་མོལ་ནང་སྐད་ཡིག་འདི་གཙིགས་ཆེན་པོ་ཡིན་པར་བཤད་ཀྱི་ཡོད། དོན་ངོ་མར་བདག་པོ་བརྒྱབ་མཁན་ཧ་ཅང་གི་ཉུང་ཉུང་རེད། ཡང་བོད་པ་འཛོམས་འཛོམས་གཅིག་ནས་ཡིན་མདོག་མདོག་གི་ངར་སྐད་བཤད། ཁ་ཕྱིར་འཁོར་ནས་སོང་ཚར་དུས་དེ་དང་འགལ་བ་རེད། དེས་རྐྱེན་པས་བཙན་བྱོལ་བ་འདིར་ཞེན་པ་ལོག་ཡོད། དེ་བས་ཁ་གསང་པོ་བྱས་ན། བོད་ཕྱི་ནང་གཉིས་ནས་ཕྱི་ནས་ཉམས་ཉེས་ཆེ་བར་ཕྱིན་ཡོད་པས། བོད་ནང་གི་བོད་མི་ཚོས་རོང་འབྲོག་གི་སྐད་ཆ་དང་། གསར་གཏོད་གསར་བའི་དངོས་ཟོག་དེ་ཚོའི་མིང་སྦྱོང་གི་ཡོད། ཕྱི་ནང་གཉིས་ལས་ནང་གི་རྐྱེན་གལ་ཆེ་བ་གཉིས་བདག་པོ་བྱེད་མཁན་གཙོ་བོ་དེ་ཚོ་བོད་ན་ཡོད། ཡིན་ནའང་། བཙན་བྱོལ་ནང་རོང་འབྲོག་གི་ཐ་སྙད་དེ་མེད་ལ་གསར་བྱུང་གི་དངོས་པོ་ཚོ་ལའང་བོད་སྐད་ཀྱི་ཐ་སྙད་གདགས་མི་ཤེས། ཐ་སྙད་མང་པོ་ཞིག་ལག་པས་འགྲེལ་བཤད་བྱེད་ཀྱི་ཡོད། ཡང་མཁས་དབང་ཟ་གདོང་བླ་མས་གསུངས་པ་ཞེ་ན། དགེ་རྒན་གྱིས་སློབ་ཕྲུག་གི་ཁ་ལོ་བསྒྱུར་ཐུབ་ན། སློབ་ཕྲུག་གིས་ཕ་མའི་ཁོ་ལོ་བསྒྱུར་ཐུབ་ཀྱི་རེད་ཟེར་བ་ལྟར་རེད། སློབ་ཕྲུག་ཚོ་ནི་དེང་རབས་ཅན་ཁོ་ནར་ཁ་ཕྱོགས་མཁན་ཡིན། དེང་རབས་ཅན་ཚོས་སོ་སོའི་ཕ་མའི་ཁ་ཕྱོགས་བསྒྱུར་སོང་ན། ནམ་ཞིག་ན་སྲོལ་རྒྱུན་ཟེར་བའི་སྐད་དེ་ང་ཚོའི་ལོ་རྒྱུས་ནས་ཡལ་འགྲོ་བ་ཡིན།  དེ་ལྟར་ཡལ་སོང་ན་བོད་རིགས་ཟེར་བ་འདི་ཆུང་ས་ཨི་ཤེ་ཡ་དང་ཆེ་ས་གོ་ལ་ནས་ནུབ་འགྲོ་བ་ཡིན།  དེའི་ཕྱིར། ང་ཚོས་ཕ་སྐད་དང་མ་སྐད་ཀྱི་བཤད་འབྲི་ཐམས་ཅད་ལ་སྦྱང་བརྩོན་བྱ་དགོས། སྐད་ཡིག་ཞིབ་འཇུག་པ་ཚོས་བཤད་པ་ལྟར་ན་གཉིས་སྟོང་ལོ་ལྔ་བཅུ་ལོར་སྐད་ཡིག་བརྒྱ་ཆ་དགུ་བཅུ་ཙམ་ཞིག་ནུབ་འགྲོ་བ་བཤད་ཡོད། གལ་ཏེ་དེའི་ནང་ང་ཚོའི་སྐད་ཡིག་འདི་ཡོད་པའི་དབང་དུ་བྱས་ན། ལོ་ངོ་སུམ་བཅུ་སོ་གྲངས་ཙམ་ཞིག་ལས་མི་འདུག དེས་རྐྱེན་པས་རྒན་གཞོན་ཐམས་ཅད་ཀྱི་འགན་འཁུར་བླངས་དགོས་པ་ཤིན་ཏུ་ནས་གལ་ཆེ། གལ་ཏེ་མི་རིགས་དེའི་མི་གྲངས་ཀྱི་བརྒྱ་ཆའི་ཉི་ཤུ་ཐམ་པས་རང་གི་ཕ་སྐད་བཤད་ནའང་།  ཕ་སྐད་བཤད་མཁན་ཚོའི་ལོ་གྲངས་ཀྱི་དབང་དུ་བྱས་ན་ལོ་གྲངས་བཞི་བཅུའི་ཡན་ཆོད་ཡིན་པ།  ལོ་གྲངས་བཞི་བཅུ་ཅན།  ལོ་ལྔ་བཅུ་ཅན།  ལོ་དྲུག་བཅུ་ཅན།  ལོ་བདུན་བཅུ་ཅན།  དེ་ཀྱིས་ཕ་སྐད་བཤད་ཅིང་།  ལོ་གྲངས་བཞི་བཅུ་མན་ཆད་ཀྱི་ན་བཞོན་ལོ་གྲངས་སུམ་ཅུ་ཅན།  ཉི་ཤུ་ཅན།  དེ་ཚང་མས་སྐད་རིགས་གཞན་པ་ཞིག་བཤད་ན།  དེ་ནི་སྐད་རིགས་དེ་ཉིད་འཇིག་པའི་ཉེན་ཁ་ཅན་ནང་ལྷུང་ཚར་བ་ཡིན། ཚང་མས་གནད་དོན་འདི་ཚོ་ཤེས་དགོས་ལ། ཉིན་རེའི་འཚོ་བའི་ནང་ལག་བསྟར་བྱེད་དགོས་པ་ཞིག་ཡིན། ལག་བསྟར་བྱེད་སྟངས་དང་རྣམ་དཔྱོད་དཀྲོལ་སྟངས་ནི། ངེས་པར་དུ་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་ཕྱག་དཔེ། དེ་ལས་ང་ཚོའི་སྐད་ཡིག་གི་གནས་སྟངས་ཇི་ཙམ་དུ་སླེབས་ཡོད་པ་གསལ་བོར་གསུངས་ཡོད། ངས་འདིར་ཡིན་མདོག་མདོག་གི་སྐད་ཆ་དེ་ཚོ་འབྲི་མི་ཕོད། ཁོང་ནི་གནའ་དེང་གི་ཤེས་ཡོན་ཅན་ཞིག་ཡིན་ལ། དུས་རབས་འདིའི་རྩོམ་པ་པོའི་མགྲིན་ཚབ་པ་གཅིག་ཀྱང་ཡིན། བརྩམས་ཆོས་དེ་ཁོང་གི་རྒྱལ་སྤྱིའི་སྐད་ཡིག་ཆེད་ལས་ཁག་དང་བགྲོས་གླེང་བྱས་ནས་བསྡུས་པའི་སྐད་ཡིག་གི་ལོ་རྒྱུས་ཤིག་ཡིན། ངས་ཀློག་པ་པོར་འདི་ལྟར་གསལ་བཤད་བྱེད་པ་ནི་ཁྱེད་ཚོས་དཔེ་དེབ་དེ་ཀློག་མེད་པ་བཤད་ཀྱི་མེད།  ཁྱོད་ཚོའི་ལས་ཞོར་གྱི་ཟུར་མང་པོ་ཞིག་ནས་ངས་སྐད་ཡིག་འདི་བདག་པོ་བརྒྱབ་སྟངས་ཀྱི་དྲན་གསོ་ཙམ་བྱེད་ཀྱི་ཡོད། བོད་མིས་བོད་ཡིག་སྐྱོང་སྟངས་འདི་ལུགས་མཐུན་གྱི་བྱ་བ་ཞིག་རེད། བོད་སྐད་སུ་ཞིག་གིས་བཤད་ཤེས་ཀྱང་ཆོག བཤད་མཁན་དེ་བོད་རིགས་ཡིན་མིན་གལ་ཆེ་བ་ཡིན། དེ་ན་ཚང་མས་སྐད་ཡིག་གཙང་མའི་གསར་གཏོད་ཅི་བྱས་ཀྱང་ཆོག སྙིང་སྟོབས་ཇི་ཙམ་སྤེལ་ཀྱང་ཆོག དེ་ཙམ་གྱི་སྐད་ཡིག་འདི་དར་འཕེལ་དུ་འགྲོ་བ་ཡིན། དེ་ཚོ་ང་ཚོའི་རིགས་ཀྱི་དཔའ་རྟུལ་ཚོས་ངེས་པར་དུ་ཤེས་དགོས་སོ།


                                                                   སྨྱུགས་མིང་།  སྨྲ་བའི་ཟེའུ་འབྲུ།
 




            ༼གཏམ་པད་མའི་ཚལ་གྱི་ཟློས་གར་ལ་ཕྲན་དཔྱད་མ་ཎེ་རིལ་བུ།༽  
                                                                               
དང་པོ།  ཐོག་མར་རྫ་དཔལ་སྤྲུལ་རིན་པོ་ཆེའི་རྣམ་མཐར་མདོར་བསྡུས་ཙམ་ཞིག་གསལ་བར་བྱ་བ།
དུང་དཀར་ཚིག་མཛོད་ཆེན་མོ་ལས། རྫ་དཔལ་སྤྲུལ་རིན་པོ་ཆེ་ཞུ་བ་མཆོག་ནི་རབ་བྱུང་བཅུ་བཞི་པའི་ས་འབྲུག་སྤྱི་ལོ༡༨༨༠ལོར་ཁམས་བྱང་འབྲོག་དགེ་རྩེ་རྫ་ཆུ་ཁའི་སྡེར་གཏོགས་རྒྱལ་ཐོག་ཅེས་པའི་གདུང་ལས་སྐུ་འཁྲུངས། རྡོ་གྲུབ་ཆེན་འཇིགས་མེད་འཕྲིན་ལས་འོད་ཟེར་གྱིས་དཔལ་དགེ་བསམ་གཏན་ཕུན་ཚོགས་ཀྱི་སྤྲུལ་སྐུར་ངོས་བཟུང་། ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་ཞེས་མཚན་གསོལ། སྐུ་ན་ཆུང་ངུའི་དུས་ནས་ཡི་གེ་འབྲི་ཀློག་རྣམས་ཚེགས་མེད་དུ་མཁྱེན། མཁན་ཆེན་ཤེས་རབ་བཟང་པོ་ལས་རབ་ཏུ་བྱུང་། རྡོ་བླ་འཇིགས་མེད་སྐལ་བཟང་དང་། རྒྱལ་སྲས་གཞན་ཕན་མཐའ་ཡས་སོགས་ཀྱི་དྲུང་ནས་ངལ་གསོ་སྐོར་གསུམ་དང་། སྤྱོད་འཇུག་རྩ་རྒྱུད་གསང་བ་རྙིང་པོ་སོགས་མདོ་སྔགས་ཀྱི་གཞུང་མང་པོ་དང་། རིག་གནས་བཅས་གསན། ཞེ་ཆེན་དབོན་སྤྲུལ་མཐུ་སྟོབས་རྣམ་རྒྱལ་དང་འཇིགས་མེད་རྒྱལ་བའི་མྱུ་གུ་སོགས་མཁས་མཆོག་དུ་མ་ལས་བཀའ་བསྟན་འགྱུར་རོ་ཅོག་དང་། རྙིང་མའི་ཀུན་མཁྱེན་ཡབ་སྲས། ས་པཎ། རྗེ་ཙོང་ཁ་པ་སོགས་གསར་རྙིང་སྐྱེས་ཆེན་རྣམས་ཀྱི་ལེགས་བཤད་མཐའ་དག  ཀློང་ཆེན་སྙིང་ཐིག་གི་སྔོན་འགྲོའི་ལམ་ཁྲིད། རྩ་རླུང་དང་རྫོགས་ཆེན་གྱི་ཁྲིད་སོགས་མཐའ་ཡས་པ་གསན་ཞིང་སྒོམ་སྒྲུབ་ལ་གཞོལ་བས་རྟོག་པ་ཚད་མེད་པ་འཁྲུངས།མཁས་པའི་ཕ་རོལ་དུ་སོན། དགུང་ལོ་སུམ་ཅུའི་ནང་སློབ་མའི་ཚོགས་ལ་རྒྱུད་གསང་བ་སྙིང་པོའི་ལྗགས་ཁྲིད་རྒྱས་པར་གནང་། གསེར་ཐར་དང་རྡོ་སྟོད་སྨད་ཀྱི་འདུས་སྡེ་ཡོངས་ལ་སྤྱོད་འཇུག་དང་། མ་ཎི་བཀའ་འབུམ། བདེ་སྨོན་སོགས་ཀྱི་ཆོས་སྦྱིན་གྲངས་མེད་བསྩལ། རྐུན་ཇག་གི་རྒྱུན་བཅད། དམར་སྟོན་གྱི་སྲོལ་བསྣུབས། རྫ་རྒྱལ་དགོན་གྱི་ཉེ་སྐོར་དུ་ཆོས་འཁོར་གྱི་གདན་ས་མཛད། རྡོ་འབུམ་ཆེན་མོར་ཁ་གསོའི་ཚུལ་དུ་སྔོན་གྱི་རྡོ་འབུམ་ལས་ཀྱང་རྒྱ་ཆེ་ཞིང་དཔངས་མཐོ་བ་འབྱོན་སྒྲོས་ཤིང་སྤུས་ལེགས་པ་ཞིག་བཞེངས་ཏེ་དཔལ་སྤྲུལ་རྡོ་འབུམ་ཞེས་སུ་གྲགས། རྗེ་འདི་ཉིད་སྐུ་ཚེ་ཧྲིལ་པོར་གནས་ངེས་མེད་དུ་ཕེབས་ཤིང་ཀུན་སྤངས་བྱ་བཏང་གི་མཛད་པ་སྤེལ་ཐོག ཐོས་བསམ་སྒོམ་གསུམ་དང་འཆས་རྩོམ་རྩོད་གསུམ་གྱི་རྣམ་ཐར་བསྐྱངས་ཏེ་ཁམས་སྟོད་སྨད་བར་གསུམ་དུ་སྤྱོད་འཇུག་དང་། བྱམས་ཆོས།  སྡོམ་གསུམ། ཡོན་ཏན་མཛོད་སོགས་ཀྱི་འཆད་ཉན་ས་དར་རྡོ་དར་དུ་གྱུར་པ་དང་། ལྷག་པར་དུ་རྒྱུད་གསང་བ་སྙིང་པོའི་བཤད་རྒྱུན་དང་། ཀློང་ཆེན་སྙིང་ཐིག་གི་རྩ་རླུང་དང་ཁྲིད་སོགས་ཀྱི་ཆོས་རྒྱུན་རྗེ་འདི་ཉིད་ཀྱིས་ཉམས་པ་སོར་ཆུད་ཀྱིས་ཆེས་ཆེར་དར་བར་མཛད། རྗེ་ཉིད་སྔ་འགྱུར་གསང་སྔགས་རྙིང་མའི་བཀའ་གཏེར་གྱི་ཆོས་སྒོ་སྤྱི་དང་། ཡང་སྒོས་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་ཟབ་ལམ་གདམས་པའི་བླ་བརྒྱུད་དུ་གྱུར་པ་མ་ཟད། ས་དགེ་བཀའ་གསུམ་གྲུབ་མཐའ་རིས་མེད་ཀྱི་གཞུང་ལུགས་ལ་གསན་བསམ་མཐར་ཕྱིན་མཁས་པའི་རྩེ་མོར་སོན་ཏེ་རྫ་དཔལ་སྤྲུལ་རིན་པོ་ཆེ་ཞེས་སྙན་པའི་གྲགས་པ་ཁ་བའི་ལྗོངས་ཕྱོགས་ཀུན་ཏུ་ཁྱབ། རྒྱལ་སྲས་ཞི་བ་ལྷའི་སྤྱོད་འཇུག་ཆེན་མོས་གཙོས་པའི་གཞུང་ཆེན་ལྗགས་ཁྲིད་གནང་བས་སྤྱོད་འཇུག་བླ་མ་ཞེས་པའི་མཚན་སྙན་ཡང་ཐོགས། དམ་པ་འདི་ཉིད་ཀྱིས་ཀ་ཐོག་སི་ཏུ་མཆོག་སྤྲུལ་ཆོས་ཀྱི་བློ་གྲོས་དང་། རྫོགས་ཆེན་སྐུ་ཕྲེང་ལྔ་པ་ཐུབ་བསྟན་ཆོས་རྡོར། རྒྱལ་རོང་ནམ་སྤྲུལ་ཀུན་བཟང་ཐེག་མཆོག་རྡོ་རྗེ། འཇུ་མི་ཕམ་རྣམ་རྒྱལ།ཨ་ལགས་མདོ་སྔགས་རྒྱ་མཚོ་སོགས་རྙིང་མའི་མཁས་གྲུབ་ཀྱི་སྐྱེས་བུ་དུ་མ་དང་སེར་ཤུལ་ལྷ་རམས་པ་ཐུབ་བསྟན། དཔལ་སྤུངས་བླ་མ་བཀྲ་ཤིས་འོད་ཟེར་སོགས་ས་དགེ་བཀའ་བརྒྱུད་ཀྱི་བླ་མ་དེ་དག་གིས་གཙོས་པའི་སློབ་མ་མང་དུ་བསྐྱངས། སློབ་མ་སོགས་རང་རང་གི་བློ་དང་འཚམ་པའི་ལྗགས་རྩོམ་མཐའ་ཡས་པ་གནང་ཡོད། འོན་ཀྱང་སློབ་མ་སོ་སོས་དེ་དག་གཙིགས་ཆེན་བྱས་ཏེ་ཉར་ཚགས་བྱས་པས་མང་ཆེ་བ་པར་དུ་འཁོད་མ་ཐུབ། སྔོན་མར་པར་དུ་འཁོད་ཅིང་དེང་མཇལ་རྒྱུ་ཡོད་པ་ནི་གླེགས་བམ་ཕྱིན་དྲུག་གི་གྲངས་ཀྱིས་བརྒྱན་པ་རྣམས་སོ། །གསུང་རྩོམ་དེ་དག་ནང་བྱམས་ཆོས་དང་། སྤྱོད་འཇུག་ཡོན་ཏན་མཛོད་སོགས་ཀྱི་གཞུང་འགྲེལ་ས་བཅད་དང་། གཏམ་པད་མའི་ཚལ་གྱི་ཟློས་གར་སོགས་གཏམ་ཚོགས་དང་ཞལ་གདམས་བསྟོད་ཚོགས་སོགས་པོད་བདུན་ཙམ་མཆིས་སོ། །རབ་བྱུང་བཅོ་ལྔ་པའི་མེ་ཕག སྤྱི་ལོ༡༨༨༧ལོའི་ས་ག་ཟླ་བའི་ཚེས་བཅོ་བརྒྱད་ཉིན་སྐུ་གཤེགས།
གཉིས་པ། བརྩམས་སྒྲུང་བྱུང་རིམ་གྱི་རྒྱབ་ལྗོངས་ཁ་གསལ།
དེ་ཡང་།༼གཏམ་པདྨའི་ཚལ་གྱི་ཟློས་གར།༽འདི་རབ་རྟོག་གི་བརྩམས་སྒྲུང་ཞིག་ཡིན།  འོ་ན་ཅི་ཞིག་ལ་རབ་རྟོག་བརྩམས་སྒྲུང་ཟེར་རམ།  སྒྲེན་པོས་རབ་རྟོག་བརྩམས་སྒྲུང་ནི་སེམས་མེད་གང་རུང་ཞིག་ལ་མིའི་བསམ་སྤྱོད་དང་འཚོ་བའི་ཁྱད་པར་སྤྲད་ཞིང་།  དེའི་བྱུང་རིམ་དང་དོན་དག་ཅིག་གི་སྟེང་ནས་རྩོམ་པ་པོའི་བསམ་བློ་མཚོན་པར་བྱེད་པའམ་རྗོད་པར་བྱེད་པའི་བརྩམས་སྒྲུང་ཞིག་ལ་ཟེར། རབ་རྟོག་གི་སྒྲུང་རྩོམ་འདི་ནི་དུས་རབས་བཅུ་དགུ་པའི་དུས་དཀྱིལ་ཙམ་དུ་རྫ་དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་བོ་སྡེ་དགེ་འདམ་ཁོག་པདྨ་ཤེལ་གྱི་བྲག་ཕུག་ན་སྐུ་མཚམས་བཞུགས་དུས། འདན་གཟིམ་དཔོན་གྱི་བུ་བཀྲ་ཤིས་དགེ་ལེགས་དང་། འཇུ་ཚང་མགོན་པོ་དར་རྒྱས་ཀྱི་བུ་མོ་ལོ་ཉེར་ལྔ་ལོན་པ་དེ་གཉིས་ཁྱིམ་ཐབ་བཟུང་བའི་བསྐོར་ཞིག་ཡིན་ལ།  སྐབས་དེ་དུས་ཡུལ་དེར་སྐེ་སྐྲངས་ཀྱི་རིམས་ནད་ཀྱིས་ཁྱབ་ཏེ་པདྨ་རྒྱལ་པའི་ཚལ་གྱི་མི་རྣམས་ཀྱི་ཚེ་སྲོག་ཡང་ཆད་འགྲོ། ལྷག་པར་ཉེན་ཤས་ལས་མ་སོང་བའི་ཁྱིམ་ཐབས་བྱུང་བའི་བུ་བཀྲིས་དགེ་ལེགས་ཀྱི་ཆུང་མ་ཡང་རིམས་ནད་དེས་རྐྱེན་པས་འདས་གྲོངས་སུ་ཕྱིན་ཟིན།  དེར་བུ་བཀྲ་ཤིས་དགེ་ལེགས་ཀྱི་སེམས་རབ་ཏུ་སྐྱོ་སྟེ་འཁོར་བར་སྙིང་པོ་མེད་པར་མཐོང་ནས་བྲམ་ཟེའི་ཁྱེའུ་པདྨ་དགྱེས་པའི་སྐུ་མདུན་ནས་བསྙེན་སྒྲུབ་ལ་བཞུགས་པར་སོང་ནས་རབ་བྱུང་གི་སྡོམ་པ་བླངས།  ལྷག་པར་འཇིག་རྟེན་འཁོར་བ་ནི་སྒྱུ་མའི་སྣང་འཁྲུལ་ཞིག་དང་འདྲ་བའི་རང་བཞིན་དང་།  བདེ་སྡུག་གི་འཚོ་བ་ལའང་འཕོ་འགྱུར་འགྲོ་སླ་བའི་དབྱར་གཞུང་ཞིག་དང་གཉིས་སུ་མ་མཆིས་པས། རྫ་དཔལ་སྤྲུལ་རིན་པོ་ཆེས་བཀྲ་ཤེས་དགེ་ལེགས་ལ་འཁོར་བའི་ཉེས་དམིགས་དང་འཆི་བ་མི་རྟག་པ། ལས་རྒྱུ་འབྲས། དལ་འབྱོར་མི་ལུས་རྙེད་དཀའ་བ་སོགས་ཀྱི་རིམ་པ་ཞིག་བསྟན་པའི་རབ་རྟོག་གི་སྒྲུང་གཏམ་ཞིག་བྲིས་ཡོད།
གསུམ་པ།  སྙན་ངག་གི་མཚོན་ཐབས་དང་སྙན་ངག་གི་སྒྱུ་རྩལ་ཡོད་པ།
རྩོམ་པ་པོས་སེམས་ལྡན་བུང་བ་དང་སེམས་མེད་པདྨ་ཟུང་དུ་སྤྲེལ་ནས་བྲིས་པའི་རབ་བཏགས་ཀྱི་བརྩམས་སྒྲུང་ནང་དུ་མི་སྣའི་སྣང་བརྙན་བཞེངས་སྒྲུབ་བྱེད་སྟངས་དམིགས་བསལ་བ་ཞིག་ཡིན།  སྲོལ་རྒྱུན་བརྩམས་སྒྲུང་མང་ཆེ་བ་ནི་བཅད་ལྷུག་སྤེལ་མའི་ཐོག་བྲིས་ཡོད་པ་དང་དེའི་སྒྱུ་རྩལ་གྱི་བསྟན་དོན་ཡང་ཐ་སྙད་ཀྱི་བཀོད་བསྒྲིག་དང་སྐད་ཆའི་བརྩོ་སྦྱངས་སོགས་གཙོ་བོར་ཡིན། གཡུ་སྦྲང་གཉིས་ཀྱི་སྐད་ཆའི་ནང་ཕན་ཚུན་བརྩེ་སེམས་ཆེ་བར་ཡོད་པ་སོགས་སྒྱུ་རྩལ་གྱི་ཆ་མང་བ་ལྡན། ཡང་རྒྱུ་རྩལ་ཞེས་པའི་དོན་ནི། སྒྱུ་རྩལ་ནི་ཕྱོགས་མང་པོ་ནས་བྱུང་བ་དང་ཟུར་མང་པོ་ནས་གྲུབ་པ་ཡིན།  བོད་ཀྱི་གདོད་མའི་སྒྱུ་རྩལ་ནི་སྒྱུ་མ་དང་།  སྨིག་རྒྱུ།  རྨིན་ལམ།  སྒྲ་བརྙན།  དྲི་ཟའི་གྲོང་ཁྱེར།  མིག་འཕྲུལ།  འཇའ་ཚོན།  གློག་སོགས་ཡིན།  སྒྱུ་རྩལ་དེ་ཡང་བོད་ཀྱི་རྩོམ་རིག་ནང་ཆེས་དར་སྔ་ཤོས་སུ་དར་བའི་སྙན་ངག་དང་འདྲེས་ཡོད།  ངལ་རྩོལ་གྱི་གླུ་དང་། ཞབས་བྲོ།  གླུ།  རང་གི་བསམ་བློ་ནང་གི་སྐད་ཆ་མང་པོ་ཞིག་ངག་ནས་གྱེར་བ་རྐྱང་ཡིན།  སྙན་ངག་གི་ཉམས་འགྱུར་དང་ཚིག་སྦྱོར་ལ་མ་མཁས་ན་རིག་པའི་གནས་གཞན་ལ་མཁས་ཀྱང་བསྟན་བཅོས་རྩོམ་པ་ལ་འཇུག་མི་ཐུབ་ཟེར།  འདི་ལ་སྙན་ངག་གི་སྒྱུ་རྩལ་མང་སྟེ།
གེ་སར་གདུག་རྩུབ་ཚེར་ལྟར་གཟན། འདབ་མའི་སུལ་མང་རྡོ་ལྟར་སྲ། འཐུམས་པས་རྐང་ལག་བརྐྱང་བསྐུམ་དཀའ། །འཚུབས་པས་དབུགས་ཀྱི་འབྱིན་སྡུད་དཀའ། འཚངས་པས་གཏམ་གྱི་བརྗོད་པ་དཀའ། ད་ནི་མི་ཐར་ཐག་གིས་ཆོད། ཕྱོགས་ནས་འབྲུག་སྒྲ་ལྡི་རི་རི། གློ་བུར་རླུང་པོ་འུ་རུ་རུ། ད་སྤུབས་འཕྱོ་ཞིང་ལྡིང་ལུགས་ཀྱིས། རྫིང་བུ་འཕྱོ་ཞིང་གཡོ་བ་འདྲ། སྤྲིན་ནག་སེར་བ་འོང་ཐག་ཆོད། ཞེས་པ་ནི་རང་ཉིད་པད་སྦུགས་སུ་འཐུམས་པས་རྐང་ལག་ཀྱང་བརྐྱང་བསྐུམ་མི་ཐུབ་པའི་སྙན་ངག་གི་སྐད་གཤེད་མ་ཞིག་ཡིན། བཅད་ལྷུག་སྤེལ་མ་འདིའི་ཚིག་གི་ཉམས་སྤེལ་སྟངས་ལེགས་ཤིང་བསྡུ་ཤུགས་མཁས་པ། གསོན་ཉམས་ཀྱིས་ཕྱུག་པའི་ཁྱད་ཆོས་ལྡན་པ་སོགས་ཀྱི་སྙན་ངག་གི་སྒྱུ་རྩལ་རབ་ཏུ་བཟང་། དེ་མིན་ད་དུང“ཡིད་འོང་སྙིང་སྡུག་གྲོགས་དེ་གར་སོང་། འཇམ་པའི་འདབ་ཡངས་བསྐྱོད་དེ་གར་སོང་། སྙན་པའི་གླུ་སྒྲ་སྒྲོག་དེ་གར་སོང་། བརྩེ་བའི་གསང་གཏམ་ཅན་དེ་གར་སོང་། མཛེས་པའི་འཛུམ་མདངས་ཅན་དེ་གར་སོང་། དགྱེས་པའི་འཕུར་ལྡིང་ཅན་དེ་གར་སོང་། གཡུ་ལོ་ཟུར་མིག་ཅན་དེ་གར་སོང་། རྐང་དྲུག་ཡན་ལག་མཛེས་དེ་གར་སོང་། གསལ་བའི་ཐིག་ལེ་ཅན་དེ་གར་སོང་། གནག་སྣུམ་སྐྲ་ལོ་ཅན་དེ་གར་སོང་། ཁོ་བོའི་སྙིང་གི་དུམ་བུ་གར་སོང་། ཞེས་པའི་དོན་གཙོ་བོ་ནི་གསེར་སྦྲང་གི་ཆུང་མ་གཡུ་སྦྲང་གང་སོང་ཆར་མེད་དུ་བུད་སོང་བ་དེ་ཡིན། གཡུ་སྦྲང་ཡང་སེམས་སྐྱོ་དྲགས་པས་གསེར་སྦྲང་ཞེས་ལན་མང་རང་དབང་མེད་པར་བསྐྱར་ཟློས་ཤོར་སོང་བ་དང་།  མི་སྡུག་པའི་ཉམས་ཀྱི་ཚོར་བ་དམར་རྗེན་དུ་བྲིས་པ་མཚོན་ནོ།
བཞི་པ།  ཁོར་ཡུག་དང་མི་སྣའི་ཁྱད་ཆོས་འབྲི་ཐབས་ཀྱི་སྒྱུ་རྩལ།
སྤྱིར་བརྩམས་སྒྲུང་ཞིག་ལ་མཚོན་ན་མི་སྣ་བཞེངས་སྒྲུབ་ཀྱི་སྒྱུ་རྩལ་ནི་ཆེས་གལ་འགངས་ཆེ་བའི་མ་ལག་གཙོ་བོ་ཞིག་སྟེ།   མི་སྣའི་སྣང་བརྙན་གསར་བཞེངས་དང་མི་སྣའི་གཤིས་ཀ་མཚོན་སྟབས་དང་། མི་སྣའི་ཁྱད་ཆོས་དང་སེམས་ཁམས་འབྲི་ཐབས། མི་སྣའི་རྨད་བྱུང་གི་ཉམས།  མི་སྣའི་སྒེག་པའི་ཉམས། རྒྱུན་ལྡན་གྱི་མི་སྣའི་སྐད་ཆ་མང་བ། མི་སྣའི་མི་སྡུག་པའི་ཉམས།  ཚིག་ཉམས་སྤེལ་སྟངས་སོགས་བརྩམས་སྒྲུང་འབྲི་བའི་ཆ་རྐྱེན་དམིགས་བསལ་ཞིག་ཡིན།  བརྩམས་སྒྲུང་དེའི་ཡུལ་ལྗོངས་ཀྱི་ཕྱི་ཚུལ་བཅས་ལ་ཞིབ་འབྲི་བྱས་པ་ཤིན་ཏུ་ནས་གསོན་ཉམས་ལྡན་པ་དང་དུས་རབས་བཅུ་་དགུ་སྐབས་ཀྱི་བོད་མི་རང་གི་ཕུ་སུམ་ཚོགས་པའི་འཚོ་བའི་གནས་ཚུལ་ཡང་ཁ་གསལ་བྲིས་པ་བཟང་།   ཡང་རྒྱ་གར་གྱི་གཏམ་རྒྱུད་སོགས་ཀྱི་ཁོར་ཡུག་འབྲི་སྟངས་ལའང་ཤན་ཞུགས་པ་འདྲ་བ་ཡོད་ཏེ། གཏམ་པད་མའི་ཚལ་ལ་སྦྱར་ནས་བྲིས་པ་དེ་ཡིན།   ཁེངས་པའི་པདྨ་རྣམས་སྡོང་བུ་རིང་བ། རྒྱས་པའི་པདྨ་རྣམས་འདབ་མ་ཡངས་པ། སྨིན་པའི་པདྨ་རྣམས་ཟིལ་མངར་མང་བ།  བཀོད་པའི་པདྨ་རྣམས་ལོ་མ་ཆེ་བ། ག་སྨིན་པའི་པདྨ་རྣམས་མྱུ་གུ་བཀྲ་བ་ཟུམ་པའི་པདྨ་རྣམས་ཐལ་སྦྱར་བ།  གོད་པའི་པདྨ་རྣམས་གེ་སར་བྲལ་བ། ཟག་པའི་པདྨ་རྣམས་རྩི་བཅུད་ཀྱིས་སྟོངས་པ། རྙིང་པའི་པདྨ་རྣམས་འདབ་མ་ལྷུང་བ། དགོད་པའི་པདྨ་རྣམས་གེ་སར་ངོམ་པ། སྦས་པའི་པདྨ་རྣམས་སྦུགས་ན་གནས་པ། ལྷུན་གྱིས་གྲུབ་པའི་པདྨ་རྣམས་ཀྱང་སྐྱེ་བར་རུང་བ་ཞིག་ཡོད་དོ། ཞེས་པའི་ནང་གཏམ་པདྨའི་ཚལ་གྱི་ཁོར་ཡུག་ཞིབ་འབྲི་གཙོ་བོར་བྱས་ཡོད།  སྐྱེས་ཚལ་ནང་གི་པདྨ་རེ་རེའི་ཁྱད་ཆོས་ཞིབ་ཞིང་ཕྲ་བ་བསྙད། ཡང་ཕྱོགས་གཞན་ཞིག་ནས་བཤད་ནའང་ཐ་སྙད་ཀྱི་གདམ་གསེབ་དང་བཀོལ་སྤྱོད་ལེགས་པ།  བཅད་ལྷུག་གི་སྐད་ཆའི་མཐུད་ཀ་བཟང་བ། ངལ་གསོའི་གཅོད་མཚམས་གསལ་བ་སོགས་གནད་ལ་འཁེལ་བ། སྐྱེས་ཚལ་དང་པདྨའི་ཁྱད་ཆོས་ཞིབ་འབྲི་གཙོ་བོར་བྱེད་དུས་ཀློག་པ་པོའི་བསམ་བློར་པདྨའི་ཁ་དོག་དང་བྱ་གཟུགས་ཐམས་ཅད་ལྦ་ལེར་ཤར་བ་བདོག   ཡང་དེ་ལྟ་བུའི་སྐྱེས་ཚལ་ནང་ཡོད་པའི་གསེར་སྦྲང་གཉིས་ཀྱང་། ན་ཚོད་གཞོན་པ། ལང་ཚོ་དར་བ། ཤེས་རབ་གསལ་བ།  བློ་ཁོག་ཡངས་པ།  གསར་འགྲོགས་མེད་པ།  རྒྱུ་བ་ལྷོད་པ།  གཏོང་ལ་དགའ་བ།  ཕན་སེམས་ཆེ་བ། ངང་རྒྱུད་འཇམ་པ།  ཆོས་ལ་དཀར་བ།  གཡོ་སྒྱུ་མེད་པ།  ཕྲག་དོག་དང་མིག་སེར་ཆུང་བ་ཡིན་ནོ།  ཞེས་པའི་སྐབས་སུ་གསེར་སྤྲང་གཉིས་ཕན་ཚུལ་མཛའ་བཅུགས་ལྡན་པ།  བརྩེ་བའི་ངག་དང་མཐུན་པའི་སྤྱོད་ལམ་ལྡན་པ་སོགས་ཀྱི་ཁྱད་ཆོས་གཙོ་བོར་བཤད་པའི་སྐབས་སུ་མི་སྣའི་སྣང་བརྙན་རྣམས་མེ་ལོང་ནང་གི་སོ་སོ་བཞིན་ཧ་ཅང་གི་གསལ་བོར་ཐོན་ཡོད།
ཡང་འདབ་ཡངས་ཀྱང་སྙིང་ལ་སྡུག་བསྔལ་གྱི་ཚེར་མ་དབལ་ཚ་བ་གློ་བུར་དུ་སླེབས་ཤིང་མྱང་ངན་གྱིས་གདུངས་ནས་གཏམ་ལན་གཞལ་མ་ནུས་པས་ཨ་ཁ་ཁ་ཟེར་བའི་སྐབས།  རླུང་དམར་གྱི་གསེབ་ནས་སེར་བ་ཐ་ར་ར་འབེབས་ཤིང་། སྟེང་གི་ནམ་མཁའ་ནས་འབྲུག་སྒྲ་དྲག་པོ་འུ་རུ་རུ་སྒྲོགས་ཏེ། གློག་དམར་གྱི་ཞགས་པ་བར་སྣང་ལ་འཚུབ་འཚུབ་འཁྲུགས་ཤིང་བྱུང་བ། ཞེས་པའི་སྐབས་སུ་གསེར་སྦྲང་གཉིས་ཀྱི་གནས་སྟངས་དང་བར་སྣང་ཁམས་སུ་རླུང་དམར་འཁྲུག་པ་དང་འབྲུག་སྒྲ་ལྡིར་བ་ས་སྟེང་ན་སེར་བ་བབས་པ་སོགས་ཀྱི་གནམ་གཤིས་ཀྱི་བསྐོར་ཞིབ་འབྲི་གཙོ་བོར་བྱས།  ཡང་ཤ་འོད་དང་རྦབ་རྒོད་ཀྱིས་རི་ལུང་ཁེངས་ཤིང་གྲོང་ཚོ་ཡོངས་སུ་ཆུས་བརྡལ་བ་དང་། མི་སྡུག་པ་དང་འཇིགས་རུང་གི་ཉམས་རྣམས་གསལ་བོར་མཚོན་པར་རྣམས་ཀྱི་ཐབས་ཡང་བཟང་། གནམ་ལྕགས་ཀྱི་ཚག་སྒྲས་གནམ་ས་འགེངས་པ་ལྟར་བྱེད།  ཆུ་ཀླུང་ཐམས་ཅད་རྦ་རླབས་འཕྱོ་ཞིང་གནམ་དུ་འཕྱུར་བ་སྙམ་བྱེད། རི་ཐམས་ཅད་ནི་གྲོག་པོར་བཏང་། ཐང་ཐམས་ཅད་ནི་གྲམ་པར་བརྡལ། མཚོ་ཐམས་ཅད་ནི་ཁྲག་ཏུ་ཁོལ། རྩྭ་ལྡུམ་དང་མེ་ཏོག་ཐམས་ཅད་ཀྱང་ཆེ་བ་རྣམས་བསྙིལ། ཆུང་བ་རྣམས་བརྡལ། རིང་བ་བཅག ཐུང་བ་རྣམས་མནན། ཕྲ་མོ་རྣམས་རྗེས་ཤུལ་ཙམ་ཡང་མེད་པས་བྱས་འདུག་གོ  ཞེས་པའི་ནང་སེར་བ་དྲག་ཏུ་བབས་ཏེ་ཤྭ་འོད་དང་རྦ་རྒོད་རྒྱུགས་པས།  སྐྱེས་ཚལ་གྱི་ཁོར་ཡུག་དང་མེ་ཏོག་གཏོར་སོང་བའི་རྗེས་ཤུལ་གྱི་འཁོར་ཡུག་ཞིག་ཞིབ་འབྲི་གཙོ་བོར་བྱས་པ་དང་།  ཁོར་ཡུག་རྣམས་མི་སྡུག་པའི་ཉམས་དང་།  དྲག་ཤུལ་གྱི་ཉམས།  འཇིགས་རུང་གི་ཉམས་སོགས་ཀྱི་བསྟན་པ་དང་།  ཡང་ཚིག་བཅད་དེ་ཡང་བྱ་ཚིགས་ཀྱི་ནུས་པས་གསོན་ཤུགས་དང་སྒྱུ་རྩལ་གྱི་ལམ་གསར་པ་ཞིག་ནས་བྲིས་ཡོད་པ་སྟེ།  ཁེངས་དང་འགེངས། འཕྱུར། གྲོག་པོར་བཏང་། ཐང་མར་བརྡལ། ཁྲག་ཏུ་ཁོལ། བསྙིལ། བརྡལ། བཅག མནན་སོགས་བཀོལ་སྤྱོད་བྱེད་སྟངས་དེ་ཡང་བཅད་ལྷུག་རང་གི་གྲིམ་ལྷོད་དང་ལྡན་པ་བཅས་ཀྱི་སྒྱུ་རྩལ་གྱི་མ་ལག་ཐོན་པོ་ཞིག་གི་ལམ་ནས་བྲིས་སོ།
ལྔ་པ།  མཇུག་བསྡུ་བ།
འདམ་གཟིམ་དཔོན་བུ་བཀྲ་ཤིས་དགེ་ལེགས་དང་ཆུང་མ་འཇུ་ཚང་མགོན་པོ་དར་རྒྱས་ཀྱི་བུ་མོ་གཉིས་ཀྱི་གཏམ་རྒྱུད་དེ། རྩི་སྦྲང་གསེར་སྦྲང་དང་གཡུ་སྦྲང་གཉིས་ལ་སྦྱར་ནས་བྲིས་ཡོད། རང་གི་བསམ་པར་དེའི་རྒྱུ་མཚན་གཙོ་བོ་ནི་སེམས་ལྡན་མིའི་རིགས་ཀྱི་སེམས་ཀྱི་འཆར་སྒོ་མང་བ་དང་དཔོག་དཀའ་བས། སྲོག་ལྡན་རྩི་སྦྲང་གཉིས་ལ་དཔེ་མཚོན་བྱས་ནས་བྲིས་པ་ཧ་ཅང་གི་བཟང་།  གསེར་སྦྲང་གཉིས་ཀྱིས་འཁོར་བ་སྙིང་པོ་མེད་པ་དང་།  བདེ་བ་ལས་སྡུག་བསྔལ་མང་བ།  འཆི་རྐྱེན་མང་ལ་གསོན་རྐྱེན་ཉུང་བ་སོགས་མཐོང་བས། ཐོག་མར་དལ་འབྱོར་རྙེད་བ་ལ་བསམས་ནས་དལ་བའི་རྟེན་ལ་སྙིང་པོ་ལེན་ཚུལ་དང་། ཚེ་མི་རྟགས་པའི་ཚུལ་ལ་བསམས་ནས་བརྩོན་པར་དགེ་བའི་ལས་ལ་འབད་པ།  རྒྱུད་འབྲས་ཀྱི་རྣམ་གྲངས་ཤེས་ནས་དགེ་སྡིག་ལ་སྤང་བླང་བྱེད་ཚུལ་སོགས་ཀྱི་ཐར་པ་སྒྲུབ་པའི་གསེར་སྦྲང་དང་གཡུ་སྦྲང་གཉིས་ཀྱི་ལོ་རྒྱུས་ཡིན་ནོ།

                                                                                             གེ་སར་ནས།
(ལས་ལ་བསྐོས་པ།)
གཡུ་འབྲུག་ཚན་སྡེབ།

གཟུགས་ལ་འཛིན་རྒྱུ་མེད་པ།།
ཨ་སྔོན་དབྱིངས་ཀྱི་འཇའ་ཚོན།།
སྡུག་ལ་དྭངས་རྒྱུ་མེད་པ།།
ཕ་ཡུལ་དྲན་པའི་གདུང་བ།།

མི་ཡི་ལུང་པ་འགྲིམས་དུས།།
དཀའ་ལས་གང་ཡང་བྱུང་སོང་།།
ཕ་ཡུལ་ཕྱོགས་སུ་འཕུར་བའི།།
བྱ་ཞིག་ཡིན་ན་བསམ་བྱུང་།།

ཕ་ཡུལ་དྲན་ཐེངས་རེ་ལ།།
ཡ་ཆུང་མཆི་མས་བརླན་སོང་།།

མི་ཡི་ལུང་པ་འགྲིམས་དུས།།
སྐྱོ་བ་སེམས་ལ་ལྷུང་སོང་།།
རང་ཡུལ་ཕྱོགས་སུ་སྐྱོད་པའི།།
སྤྲིན་པ་ཡིན་ན་བསམ་བྱུང་།།

ཕ་ཡུལ་དྲན་ཐེངས་རེ་ལ།།
སྙིང་ལ་གས་ཁ་བབས་སོང་།།
            《ལས་ལ་བསྐོས་པ》ནི་གཡུ་འབྲུག་ཚན་སྡེབ་ཀྱི་གཞས་ཤིག་གི་ཁ་ཡིག་རེད། བོད་མིའི་གོམས་སྲོལ་ལྟར་ན་“ལས་ལ་བསྐོས་པ”ཞེས་པའི་ཚིག་འདི་སྡུག་དང་འཕྲད་དུས་མ་གཏོགས། སྐྱིད་ཀྱི་དུས་སུ་བེད་སྤྱོད་བྱེད་སྲོལ་ཆེན་པོ་མེད་ཅེས་ལབ་བཞག་ན་མི་འགྲིག་པ་ཅང་མེད། སྡུག་ཅིག་དང་འཕྲད་དུས་ད་གཟོད་“ལས་ལ་བསྐོས་པ”རེད་ཅེས་རང་སེམས་གསོ་ཆེད་སྨྲེ་ངག་གི་ཚུལ་དུ་སྒྲོག་པར་བྱེད། དེ་བས་ངས་ནི་“ལས་ལ་བསྐོས་པ”ཞེས་པའི་ཚིག་འདི་བོད་མིའི་འདུ་ཤེས་འཛིན་སྟངས་ལ་བལྟས་ཏེ་ཐད་ཀར་སྨྲེ་ངག་གི་ཚིག་ཅིག་ལ་ངོས་འཛིན་བྱེད་ཀྱིན་ཡོད། འོ་ན་གཞས་འདིས་ཅི་ཞིག་ལས་ལ་བསྐོས་རབས་གྱེར་གྱིན་ཡོད་སྲིད་དམ།
            གཞས་འདིས་གྱེར་བའི་ལས་ལ་བསྐོས་པ་ནི། བོད་མི་ཚོ་རང་ཡུལ་མི་ལག་ཏུ་ཤོར་ནས་དམིགས་ཡུལ་དང་གཏད་སོ་ཅི་ཡང་མེད་པར་མི་ཡུལ་འགྲིམས་དགོས་བྱུང་བ་དང་། གཞིས་བཞུགས་བོད་མིར་ཆ་བཞག་ན་ཡང་། ཚོང་ལས་བཟོ་ལས་སོགས་གང་ཡང་ཤིན་ཏུ་འགྲོས་མྱུར་བའི་དུས་རབས་ཉེར་གཅིག་གི་དུས་ཚོད་འདིར་སླེབ་པ་ན། བོད་རང་ཉིད་ཀྱི་རིག་གནས་མ་ལག་ཀྱིས་ཁ་མི་གསོས་ཤིང་རྒྱབ་མི་ཁེབས་པས། ན་གཞོན་རྣམས་རང་ཡུལ་བསྐྱུར་ནས་རྒྱ་ནག་གི་གྲོང་ཁྱེར་ཁག་སོགས་མི་རིགས་གཞན་དང་གཞན་འདུས་སྡོད་བྱེད་སའི་ཡུལ་གྲུ་ཁག་ཏུ་རྒྱ་མཚོར་ཆུ་ཐིགས་ཐིམ་པ་ལྟར་འཁྱམ་ཉུལ་གྱི་འཚོ་བ་རོལ་དགོས་བྱུང་བ་ན། བཟོད་དཀའ་བའི་སྐྱོ་བ་དང་གདུང་བ་དེར། “ལས་ལ་བསྐོས་པ”ཞེས་བོད་མི་རང་ཉིད་ཀྱི་འདུ་ཤེས་ལྟ་ཚུལ་གཞིར་བྱས་ཏེ་སྡོམ་ཚིག་བཀོད་བཞག་པ་རེད། དེ་བས་གཞས་འདིའི་ཁ་བྱང་ལ་བལྟས་པ་ཙམ་གྱིས་ཀྱང་། ཅི་ཞིག་གི་གདུང་བ་བརྗོད་ཀྱིན་ཡོད་པ་ཤེས་ཐུབ་པ་མ་ཟད། བོད་མི་རང་ཉིད་ཀྱི་འདུ་ཤེས་ལྟ་ཚུལ་གཞིར་བྱས་པ་དང་གཞས་ལུས་ཀྱི་ནང་དོན་ཕྱོགས་ཡོངས་ནས་མཚོན་ཐུབ་པ་སོགས་ཀྱི་ཁྱད་ཆོས་འདུག་པས། ཁ་ཡིག་འདི་ཁོ་ནས་ཀྱང་བདག་གི་སེམས་ནི་ཤིན་ཏུ་རབ་ཏུ་འཕྲོག་སོང་ལགས།
             སྡུག་ལ་དྭངས་རྒྱུ་མེད་པ། །ཕ་ཡུལ་དྲན་པའི་གདུང་བ། །ཞེས་པ་ནི་ཅི་འདྲའི་གནས་ལུགས་བཙན་པའི་སྐད་ཆ་ཞིག་རེད་དེ། ཕ་མ་ཤི་བ་དང་དགའ་གྲོགས་ཀྱི་བྲལ་གདུང་སོགས་འཇིག་རྟེན་འདིའི་སྡུག་བསྔལ་ཆེ་མ་ཆུང་གསུམ་གང་ཡིན་ཡང་ལོ་དང་ཟླ་བའི་ཁ་ཟས་སུ་མི་འགྱུར་བ་གཅིག་ཀྱང་མེད་པས། སྡུག་བསྔལ་དེ་ཚོ་ནི་དྭངས་དུས་ཡོད་པའི་སྡུག་བསྔལ་རྐྱང་རྐྱང་ཡིན། དུས་ཚོད་ཀྱིས་ཁ་ལོ་བསྒྱུར་མི་སྲིད་ཅིང་བརྗེད་ངས་རྐུན་པོར་ཡང་འཁྱེར་དབང་མེད་པའི་ཁར། ལོ་ཟླའི་འཁོར་འགྲོས་མང་རིམ་བཞིན་ཇེ་ཐུ་ཇེ་ཐུ་རུ་འགྲོ་སྲིད་པའི་སེམས་ནད་ཉག་ཅིག་ནི་ཕ་ཡུལ་དྲན་པའི་གདུང་བ་དེ་ཡིན། གནས་ལུགས་དེས་ཡིན་པ་འདྲ་སྟེ། ནམ་རྒྱུན་བོད་མི་ཚོར། མི་རྒས་ན་ཡུལ་དྲན། །བྱ་རྒས་ན་ཚང་དྲན། །ཞེས་པའི་གཏམ་དཔེ་ཞིག་ཀྱང་འདུག
             མི་ཡི་ལུང་པ་འགྲིམས་དུས། །དཀའ་ལས་གང་ཡང་བྱུང་སོང་། །ཕ་ཡུལ་ཕྱོགས་སུ་འཕུར་བའི། །བྱ་ཞིག་ཡིན་ན་བསམ་བྱུང་། ། ཞེས་པ་ཅིས་མ་བདེན། དུས་རབས་འདིར་སླེབ་དུས། ང་ཚོར་དམིགས་གཏད་དང་ཁ་ཕྱོགས་ཁྱོན་ནས་མེད་པར་མི་ཡུལ་འགྲིམས་དགོས་བྱུང་སོང་ལ། ཡུལ་སྲོལ་གོམས་གཤིས་དང་རིག་གནས་བསམ་བློ་སྐད་ཡིག་འགྲོ་ལུགས་སོགས། ང་ཚོར་རྒྱུས་ཙམ་ཡང་མེད་པའི་གསར་པ་གསར་རྐྱང་མང་པོ་ཞིག་ཆ་རྐྱེན་ཅི་ཡང་མེད་པའི་ཐོག་ནས་དང་ལེན་བྱེད་དགོས་ཐུག་འོང་། ཁོ་བོར་མཚོན་ན་སྡུག་བསྔལ་དེ་ནི་ཤིན་ཏུ་ཆེ་བའི་སྡུག་བསྔལ་ཞིག་ཡིན་ཏེ། འདི་ནི་གཞན་ཡུལ་འགྲིམ་མཁན་ཡོངས་རྫོགས་ཀྱི་སྡུག་བསྔལ་ཞིག་ཀྱང་ཡིན་པ་འདྲ་བས། གནད་དོན་འདིས་ཡང་བསྐྱར་གོང་དུ་བཤད་པའི་“ལས་ལ་བསྐོས་པ”སྟེ། ཚེ་སྔོན་ལས་ཀྱིས་བསྐོས་པ་ཡིན་ནའང་འདྲ། ཚེ་འདིའི་ལས་ལ་བསྐོས་པ་ཡིན་ནའང་འདྲ། གང་ལྟར་“ལས་ལ་བསྐོས་པ”དེ་དྲན་དུ་བཅུག་བྱུང་།
            མི་ཡི་ལུང་པ་འགྲིམས་དུས་ཀྱི་དཀའ་ལས་ནི་བརྗོད་ཐུབ་པ་ཞིག་ཡིན་ཚོད་མི་འདུག་ཀྱང་། ཁོ་བོས་མཐོང་མྱོང་བ་དང་ཚོར་མྱོང་བ་ནི། གཞན་གྱིས་གང་བཤད་ལ་ཉན་དགོས་ཤིང་བརྙས་བཅོས་ཆེ་མ་ཆུང་གསུམ་ལ་མགོ་བོ་སྒུར་དགོས་པར་མ་ཟད། རྒྱུས་མེད་གཞན་ཡུལ་ནས་བློར་བབས་མིན་ལ་མ་ལྟོས་པར་སྡུག་གཡོག་རྒྱུག་རྒྱུ་ལས་གཞན་པའི་བྱ་བ་བཟང་པོ་ཞིག་རྙེད་དཀའ་བས་མི་ཚད། ང་ཚོ་བོད་མིར་ཆ་བཞག་ན་བྱ་བ་དེ་འདྲ་ནི་གསེར་ལས་དཀོན་པའི་ཚད་དུ་སོང་ཡོད་གཤིས། བོད་མིའི་ལས་དབང་ནི་དེ་འདྲ་རང་ཡིན་པས། མི་ཡི་ལུང་པ་འགྲིམས་དུས། ། དཀའ་ལས་གང་ཡང་བྱུང་སོང་བ་ཅིས་མི་བདེན་ཨང་། དེ་འདྲའི་གནས་སྟངས་སྐབས་སུ་ཕ་ཡུལ་གྱི་རི་ཆུ་ལུང་གསུམ་ལྷག་ཏུ་དྲན་པ་ནི་ཤིན་ཏུ་བདེན་ཤས་ཆེ་བས། གཞས་འདིའི་འགུལ་བརྙན་དུ་ཡང་ཡུལ་མི་ཚོའི་འཚོ་བ་རོལ་སྟངས་དང་ཕ་ཡུལ་གྱི་ནམ་དུས་བཞིའི་ཡུལ་ལྗོངས་རྣམས་ཁྱུག་ཙམ་ཁྱུག་ཙམ་པར་ངོས་སུ་མངོན་པར་བྱས་འདུག
           མིའི་ལྷན་སྐྱེས་ཀྱི་སེམས་གཤིས་ངོ་མ་བོ་ནི་ཤིན་ཏུ་ལྷད་མ་འདྲེས་པ་དང་ཤིན་ཏུ་དག་གཙང་ཡིན་པ་འདྲ་སྟེ། འདི་ལྟར་དགའ་བས་གཉུག་མའི་ཁམས་སུ་འབྱོར་དུས་དང་། སྐྱོ་བས་བཅོས་མའི་ལྷན་པ་མཐའ་དག་བཤུས་འགྲོ་དུས་ཡོད་ཚད་བྱིས་པའི་སེམས་ཁམས་དང་དབྱེར་མེད་གཅིག་འདྲེས་སུ་གྱུར་འགྲོ་བས། རང་ཡུལ་ཕྱོགས་སུ་འཕུར་བའི། །བྱ་ཞིག་ཡིན་ན་བསམ་བྱུང་བའི་ཆེས་ལྷད་མེད་ཅིང་ཆེས་རྣམ་དག་གི་སྟོང་བསམ་དེ་འདྲས། སེམས་པ་འཁྱག་ཏུ་འཇུག་པ་ཡང་ཆེས་རྒྱུན་ལྡན་ཞིག་རེད་ཨང་།
         འཁྱམ་ཉུལ་གྱི་འཚོ་བ་མཚོན་པའི་གཞས་ཚིག་འདི་ནི་བོད་མི་རིགས་ཀྱི་ད་ལྟའི་གནས་བབས་མཚོན་པར་ཆར་པ་ཆུ་གྲོགས་སུ་སོང་ཡོད་པས། ཁོ་བོས་མི་རིགས་ཀྱི་བདེ་སྡུག་གླུ་རུ་གྱེར་བའི་གཞས་ཚིག་ཅེས་པ་འདི་འདྲ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད་པ་ལས། དེ་མིན་“མཉམ་དུ་འགྲོ། མཉམ་དུ་འགྲོ། ང་དང་མཉམ་དུ་འགྲོ། སྤང་གཞོང་བདེ་མོའི་ནང་ལ། རྐང་པ་ལག་པ་བརྐྱངས་ནས། གཅིག་གཅིག་གཉིས་གཉིས་བྱེད་ཀ ང་དང་མཉམ་དུ་འགྲོ།” ཞེས་པ་ལྟ་བུའི་གཞས་ཚིག་དག་ནི། ཡིན་པ་ཕོ་མོའི་བརྩེ་དུང་མཚོན་པའི་གཞས་ཚིག་ཅིག་ཡིན་ཁུལ་རེད་ཀྱང། བརྩེ་དུང་གི་ཐོབ་ཤོར་དང་རེ་སྙེགས། འཁྲེང་ཞེན་དང་འདུ་འབྲལ། དགའ་གདུང་དང་སྟོང་འདངས་སོགས་ཅི་ཡང་སྔོག་འདོན་བྱེད་ཐུབ་མེད་པའི་གཞས་ཚིག་དེ་འདྲའི་རིགས་ལ་ཕྱོགས་ག་འདྲ་ཞིག་ནས་ངོས་འཛིན་བྱེད་དགོས་མིན་ཁོ་བོས་ནི་ཤེས་མ་བྱུང་ལགས།
ཐོག་མ།སྔ་མ།1234རྗེས་མ།མཐའ་མ།
ཤོག་ངོས་རྗེས་མ་དག་ཀློགས།